ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།( ཨང10པ )
2021ལོའི་ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད7དང་སྐར་མ01གི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་གདགས་གཤིས་ཡིན་པའི་མི1ཇེ་མང་དུ་སོང་ཡོད། ད་ལྟ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
ཁྲིན་ཆེ་གེ་མོ། (ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་མི་སྣ4པ)མོ། ལོ28ཡིན། ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཀའོ་ཚའོ་སྲང་ལམ་དུ་བསྡད་ཡོད། ཟླ10པའི་ཚེས31ཉིན་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་གདགས་གཤིས་ཡིན་པ་དང་། མིག་སྔར་གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།
མིག་སྔར། གོང་གི་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་གཅིག་པོ་དེར་འགོས་ཁྱབ་ནད་རིགས་རིག་པའི་བརྟག་དཔྱད་དང་ཚོད་ལྟའི་ཁང་དུ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་འཚོལ་བ་དང་འབྲེལ་ཡོད་ས་ཁུལ་ལ་བཀག་སྡོམ་ཚོད་འཛིན་བྱེད་པའི་བྱེད་ཐབས་སྤྱད་ཡོད།
མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཧ་ཅང་ཛ་དྲག་ཡིན་པས། ཡང་བསྐྱར་རྒྱ་ཆེའི་གྲོང་མི་རྣམས་ལ་གསལ་འདེབས་བྱ་རྒྱུར། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་གཏན་ནས་མི་བྱེད་པར། ངེས་པར“ཕྱི་ནས་ནང་མཆེད་སྔོན་འགོག་དང་ནང་ནས་ཕྱི་ལ་ཁྱབ་པར་ནན་འགོག་བྱེད་པའི”རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ཟླ10པའི་ཚེས10ཉིན་ནས་བཟུང་ཧེ་ལུང་ཅང་དང་ནང་སོག ཀན་སུའུ། ཧྲན་ཏུང་། ཉིང་ཞ། ཡུན་ནན། པེ་ཅིང་། ཅང་ཞི། ཧྲན་ཞི། ཧུའུ་ནན། ཀུའེ་ཀྲོའུ། ཧོ་པེ། ཧུའུ་པེ། སི་ཁྲོན་སོགས་རྒྱལ་ནང་གི་རིམས་ནད་བྱུང་བའི་ས་ཁུལ་ནས་ཟི་ལིང་དུ་ཡོང་བའི་མི་རྣམས་ཀྱིས་ངེས་པར་དུ་ཆུ་ཚོད48རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་སྙན་ཞུ་བཟུང་ནས་རང་ཡོད་སའི་སྡེ་ཁུལ་དུ་ཡར་ཞུ་བྱས་ནས་དུས་ཐོག་ཏུ་ཡང་བསྐྱར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། གལ་སྲིད་བདེ་ཐང་བཤེར་རིས་དམར་པོ་དང་སེར་པོར་གྱུར་པའི་མི་སྣ་ཡོད་ཚེ། དུས་ཐོག་ཏུ་རང་འགུལ་ངང་སྡེ་ཁུལ་དང་ལས་ཁུངས། སློབ་གྲྭ་དང་ཡང་ན་སྡོད་གནས་མགྲོན་ཁང་བཅས་ལ་སྙན་ཞུ་བྱས་ནས། མི་སྒེར་གྱི་ཉེ་དུས་ཀྱི་ཡུལ་སྐོར་སྡོད་གནས་ལོ་རྒྱུས་དང་། འབྲེལ་འདྲིས་ལོ་རྒྱུས། མི་སྒེར་གྱི་བདེ་ཐང་བཅས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱས་ནས། རིམས་ནད་རིག་པའི་བརྟག་དཔྱད་དང་བདེ་ཐང་གྲལ་བཤེར། ཉིང་སྐྱུར་བརྟག་དཔྱད། ལོགས་བཀར་ལྟ་ཞིབ་སོགས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལ་གཞོགས་འདེགས་བྱེད་པ་ལས། སྙན་ཞུ་མི་བྱེད་པ་དང་ཆད་ལྷག་ཤོར་བ་མི་བྱེད་པ། ཡང་ན་དོན་དངོས་ལྟར་སྙན་ཞུ་མི་བྱེད་པའམ་ཡང་ན་ཡུལ་སྐོར་སྡོད་གནས་ལོ་རྒྱུས་སྦ་གསང་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། རྒྱ་ཆེའི་གྲོང་མིས་རང་རྟོགས་ངང་ངེས་པར་དུ་དགོས་ངེས་མིན་པར་ཞིང་ཆེན་ཕྱི་རུ་མི་བསྐྱོད་པ་དང་། དགོས་ངེས་མིན་པར་ཟི་ལིང་དང་ཁ་མི་འབྲལ་བ། འདུ་འཛོམས་མི་བྱེད་པ། འཛོམས་སྟོན་མི་བྱེད་པ་བཅས་བྱས་ནས། སྨན་བཅོས་མི་སྣ་དང་སྐོར་སྐྱོད་མི་སྣ། བརྟག་དཔྱད་མི་སྣ། གཞིས་ཁུལ་ལས་དོན་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དང་བླངས་པ་སོགས་འཐབ་ཕྱོགས་དང་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣའི་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བཅས་བྱེད་དགོས། སྟོན་དུས་ནི་ཆམ་རིམས་སོགས་དབུགས་ལམ་འབྱིན་རྔུབ་འགོས་ནད་འབྱུང་མང་བའི་དུས་ཚིགས་ཡིན་པས། ཉེ་དུས་ཀྱི་དྲོད་ཚད་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་རིམས་འགོག་སྨན་ཁབ་རྒྱག་མཁན་དང་། ཉིང་སྐྱུར་བརྟག་དཔྱད་མི་སྣ། འཐབ་ཕྱོགས་དང་པོའི་རིམས་འགོག་མི་སྣ། རྒན་པ་སོགས་ཚོགས་སྤྱིས་གྲང་འགོག་དྲོད་སྲུང་བྱེད་པར་དོ་སྣང་བྱས་ཏེ་ཁ་ཐུམ་རྒྱག་པ་དང་། གཙང་སྦྲ་བྱེད་པ། ལག་པ་འཁྲུ་བ། སྨི་གཅིག་གི་བར་ཐག་འཇོག་པ་སོགས་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པར་བསྒྲུབ་སྟེ། སྟོན་དང་དགུན་དུས་ཀྱི་དབུགས་ལམ་འབྱིན་རྔུབ་འགོས་ནད་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
ས་ཁུལ་སོ་སོའི་སྡེ་ཁག་སོ་སོས་མུ་མཐུད་དུ་ཚད་མཐོན་པོས་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ནམ་ཡང་བག་གཡེང་བྱེད་མི་རུང་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐག་གཅོད་བྱ་བ་དམ་འཛིན་དང་དངོས་འབེབས། ཞིབ་ཕྲ་བཅས་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་སོ་སོས་དངོས་གནས་གཙོ་གཞིའི་འགན་འཁྲི་འཁུར་ཏེ། རང་ལས་ཁུངས་སུ་ཉིན15ནང་ས་ཁུལ་གཞན་དུ་སོང་མྱོང་བའི་ལས་བྱེད་ལས་བཟོ་བར་གྲལ་བཤེར་ཞིབ་ཕྲ་བྱེད་དགོས་པ་དང་། གོང་གསལ་གྱི་རྒྱལ་ནང་གི་རིམས་ནད་ས་ཁུལ་ནས་ཟི་ལིང་དུ་ལོག་མཁན་ལ་མྱུར་ཏུ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་མ་ཟད་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་མི་སྣས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབས་ལ་རོགས་འདེགས་བྱེད་དགོས་པ་དང་། བསམ་བཞིན་དུ་ཡར་ཞུ་མི་བྱེད་པ་དང་སྦ་གསང་ལས་མཇུག་འབྲས་ཚབས་ཆེན་བཟོས་པར་འབྲེལ་ཡོད་ཀྱི་ཁྲིམས་ལུགས་འགན་འཁྲི་འཁུར་དགོས། དགོས་ངེས་མེད་ཚེ་སྒྲུབ་གཉེར་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་ཏེ། གཉེན་སྟོན་དང་འགྲེམ་སྟོན། གླེང་སྟེགས། འཁྲབ་སྟོན་སོགས་འདུ་ཚོགས་རང་བཞིན་གྱི་བྱ་འགུལ་ཇེ་ཉུང་དུ་གཏོང་དགོས་ལ། ནན་ཏན་གྱིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སོ་སོ་དངོས་འབེབས་བྱས་ཏེ་བློ་ཐག་རྦད་ཆོད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གཡུལ་འགྱེད་ལ་རྒྱལ་ཁ་ལེན་དགོས།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།
2021ལོའི་ཟླ10པའི་ཚེས31ཉིན།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།( ཨང10པ )