ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཧྲིན་ཀྲང་གཞོན་པ་ཀྲང་ལིས་འབྲེལ་འདྲིས་བྱེད་ཡུལ་གུང་ཧོ་རྫོང་དུ་སོང་ནས་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་ཕུད་པ་བཞིའི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་བྱེད་པ། ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ཟེར།
ཆབ་ཆ་གྲོང་རྡལ་དང་ཐང་དཀར་མ་གྲོང་རྡལ། རིག་སྨོན་གྲོང་རྡལ་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཐོན་ལས་རྟེན་གཞི། སྡེ་དམངས་ཀྱི་ཁྱིམ་བཅས་སུ་སོང་ནས། ཀྲང་ལིས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། མི་སྡོད་ཁོར་ཡུག་དང་དམངས་ཚིས་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་ལས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་ཐབས་གྲོས་སྡུར་བྱས། ཁོ་མོས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། གནས་སྐབས་ཀྱི་སྲིད་ཇུས་ལག་བསྟར་བཟང་པོ་བྱེད་པ། ཕན་ཡོད་སྦྲེལ་མཐུད་ཀྱི་འཆར་འགོད་དང་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ནས། ཁྱད་ཆོས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་པ། མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པ། རོང་འབྲོག་དམངས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བ། རོང་འབྲོག་ཁུལ་གྱི་རིག་གནས་དར་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་དངོས་སུ་སྐུལ་འདེད་གཏོང་དགོས། དབུལ་ཐར་བརྟན་པོ་བྱེད་པ་དང་ཕྱིར་དབུལ་པོར་འགྱུར་བར་བཀག་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ལྟ་ཞིབ་རོགས་སྐྱོར་གྱི་དྲ་རྒྱ་བཙུགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། ཐོན་ལས་འཕེལ་རྒྱས་ཀྱི་གནད་འགག་དུས་རིམ་གཙིགས་སུ་འཛིན་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཚད་གཞི་ཅན་དང་ལྗང་མདོག་ཅན་གྱི་ཐོན་སྐྱེད་ལ་ཤུགས་སྣོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ། གྲུབ་འབྲས་མྱུར་དུ་བསྒྱུར་ནས། ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་དགོས་ཟེར།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཀྲང་ལིས་ཀྱིས་གུང་ཧོ་རྫོང་གི་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས།