ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་མུ་རི་གཏེར་ཁུལ་ལ་སོང་ནས་གཏེར་དུང་བརྒྱད་པ་དང་ལྔ་པ། གསུམ་པ། བཞི་པ་བཅས་ལ་རྟོག་ཞིབ་བྱས་པར་མ་ཟད། རྐང་ཚ་རྫོང་དུ་མགོ་འཛིན་བྱས་ནས་ཡུལ་དངོས་གྲོས་ཚོགས་བསྡུས་ཏེ། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མུ་རི་གཏེར་ཁུལ་གྱི་རྩྭ་འདེབས་ལྗང་བསྒྱུར་དང་རྩྭ་གསོ་དོ་སྲུང་། དགུན་སྐྱེལ་བཅས་ཀྱི་བྱ་བ་བཀོད་སྒྲིག་བྱས། མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་གྲོང་ཁྱེར་དང་ཁུལ་བཞིའི་སྲིད་ཞུང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།
ལིའུ་ཐོ་ཡིས་བསྟན་དོན། ད་ལོའི་ཚུན་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། ལོ་གསུམ་འགུལ་སྐྱོད་ཇུས་གཞི་ལ་དམིགས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལག་བསྟར་བྱས་པས། ཕྱོགས་བསྡུས་བཅོས་སྐྱོང་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ཆོས་ཉིད་ལ་བརྩི་བཀུར་དང་དངོས་ཐོག་བདེ་འཚོལ་བྱས་ལ། གནད་དོན་ཐག་གཅོད་དང་དོ་དམ་ཞིབ་ལེགས་བྱས་པས། རྩྭ་འདེབས་ལྗང་བསྒྱུར་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་རེ་བ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། ལྷོད་གཡེང་བག་མེད་ཀྱི་བསམ་བློ་ཁྱད་སེལ་བྱེད་དགོས། འབྲེལ་ཡོད་ས་ཁུལ་གྱིས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ས་ཁུལ་བགོ་བ་དང་འགན་འཁྲི་ཕྲག་ཏུ་བླངས་ཏེ། རྩྭ་འདེབས་སླར་གསོ་དང་རྩྭ་གསོ་དོ་སྲུང་། དགུན་སྐྱེལ་བཅས་ཀྱི་ལས་འགན་ལག་བསྟར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོས་མཉམ་དུ་མཁྲེགས་གཏོར་བྱེད་པ་དང་། གནད་དོན་རེའུ་མིག་མྱུར་དུ་བཅོས་སྐྱོང་བྱས་ནས། མཉམ་དུ་ཞིབ་དཔྱད་རྩིས་ལེན་བྱས་ནས་རྩིས་ཐོ་མེད་པར་བྱེད་པ་དང་ཡིག་ཚགས་དོ་དམ་བྱེད་པའི་བྱ་བ་སྤེལ་དགོས། དགུལ་སྐྱེལ་བའི་དུས་ཚོད་བེད་སྤྱད་དེ། སྔ་མོ་ནས་འཆར་འགོད་བཀོད་སྒྲིག་བྱེད་པ་དང་། འབྲེལ་ཡོད་འཆར་འགོད་ཇུས་གཞི་སྒྲིག་བཟོ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རྩྭ་འདེབས་ལྗང་བསྒྱུར་གྱི་གྲུབ་འབྲས་དཔྱད་འཇོག་དང་སྣོན་འདེབས་བྱ་བར་སྔ་མོ་ནས་ཞིབ་འཇུག་བྱེད་པ། གཏེར་ཁུལ་གྱི་གནས་སྐབས་ཀྱི་ཁང་བ་སོགས་ཞིག་གཏོར་ཐག་གཅོད་བྱེད་པ། གཏེར་ལས་དབང་ཆ་མེད་པར་བྱེད་པ་དང་སྐྱེ་ཁམས་གནོད་འཚེ་ཚབ་འཇལ་རྒྱུན་མཐུད་ངང་སྤེལ་ནས། སང་ལོའི་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ནས་འགོ་རྩོམ་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ལིའུ་ཐའོ་ཡིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།