མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དྲན་སྐུལ་བསླབ་བྱའི་ཡི་གེ་ཁྱབ་བསྒྲགས་བྱས་ནས་རིམས་ནད་སྐབས་ཀྱི་ཚོང་རའི་རིན་གོང་གི་སྒྲིག་ལམ་ཚད་ལྡན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཞིགས་ནས་འབྲེལ་ཡོད་ཚོང་ཟོག་དང་འཚོ་བའི་མཁོ་ཆས་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁྲོམ་རར《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཚོང་ཟོག་རིན་གོང་དྲན་སྐུལ་བསླབ་བྱའི་ཡི་གེ》ཁྱབ་བསྒྲགས་བྱས་ནས་གཉེར་སྐྱོང་པར་རང་གཅུན་དང་ཁྲིམས་སྲུང་གཉེར་སྐྱོང་། ཁ་དན་ཚིག་གནས་གཉེར་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས།

《བསླབ་བྱའི་ཡི་གེའི》ནང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཉེར་སྐྱོང་བས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་སྡེམ་ངོ་རྒོལ་བཅའ་ཁྲིམས》《རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་འཛིན་ཆད་གཅོད་སྐོར་གྱི་གཏན་འབེབས》དང《ཚོང་ཟོག་དང་ཞབས་ཞུའི་ཐད་ཀྱི་རིན་གོང་ཁ་གསལ་བཟོ་རྒྱུའི་གཏན་འབེབས》《རིན་གོང་མགོ་སྐོར་གཏོང་བའི་བྱ་སྤྱོད་གཏན་འགོག་སྐོར་གྱི་གཏན་འབེབས》《མཚོ་སྔོན་ཞིང་ཆེན་གྱི་རིན་གོང་ལྟ་སྐུལ་ཞིབ་བཤེར་བྱ་ཐབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱས་ནས་རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ། ཚོང་རའི་རིན་གོང་སྒྲིག་ལམ་དཀྲུག་པ་སོགས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་གཏན་འགོག་བྱས་ཏེ། གཉེར་སྐྱོང་མཁན་གྱིས་དྲན་སྐུལ་བསླབ་བྱའི་ནང་དོན་ཞིབ་བསྡུར་བྱས་ཏེ་རང་བཤེར་རང་གཅུན་ནན་ཏན་གྱིས་རང་ངོས་ཀྱི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། དྲན་སྐུལ་བསླབ་བྱ་ཐོབ་རྗེས་ད་དུང་ཡོ་བསྲང་མི་བྱེད་པའི་རིགས་ལ་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་པའི་བླང་བྱ་བཏོན་ཡོད།

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའ་ཡིས་རིན་གོང་ལྟ་སྐུལ་དོ་དམ་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ས་གནས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཇེ་ནན་དུ་བཏང་སྟེ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ཀྱི་རིན་གོང་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་ཚབས་ཆེན་གྱི་དཔེ་མཚོན་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་དང་འབྲེལ་ཡོངས་བསྒྲགས་ཀྱང་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག12315ཡི་ཞུ་གཏུག་ཐེར་འདོན་ཐབས་ལམ་ཤར་གཏོང་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་འཛད་སྤྱོད་པའི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་པར་འགན་སྲུང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།