སློབ་གསོའི་ཕུགས་འདུན་སྲུང་བ།

——མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་སློབ་གསོའི་བྱ་བ་སྒྲུབ་མཁན་བསོད་ནམས་འབུམ་གྱི་གནས་ཚུལ་བཀོད་པ།

ཟླ9པའི་ཚེས10ཉིན་ཏེ། དགེ་རྒན་དུས་ཆེན་ཨང37པ་སླེབས་པའི་ཉིན་མོར། བསོད་ནམས་འབུམ་ལ་སློབ་མ་ཟླ་བས་བསྐུར་བའི “བདག་གི་དགེ་རྒན་ལགས། ཁྱེད་རང་གི་དགེ་རྒན་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུ།”ཞེས་པའི་འཕྲིན་ཐུང་ཞིག་འབྱོར།

བསོད་ནམས་འབུམ་གྱིས་ད་ལྟ་གཅིག་སྒྲིལ་རྫོང་རྡོ་རྗེ་ལྡན་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་འཁུར་ཡོད་པའི་སློབ་མ་དེར་ནམ་ཡང་རེ་བ་ནན་མོ་བཟུང་ཡོད། ཁོས“འུ་ཚོའི་གནས་འདིར་དགེ་རྒན་གྱི་ལས་ཀ་གཉེར་བ་ནི་ལས་སླ་མོ་ཞིག་མིན་པས། ཁྱོད་ཀྱིས་ངེས་པར་དུ་ཁོ་ཚོར་ལྟ་སྐྱོང་ལེགས་པོ་དང་དགེ་རྒན་དུས་ཆེན་བཟང་པོ་ཞིག་རོལ་དུ་འཇུག་དགོས”ཞེས་པའི་འཕྲིན་ལན་བསྐུར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས། བློ་གཅིག་སེམས་གཅིག་གིས་མི་དམངས་དགེ་རྒན་ཞིག་བྱེད་འདོད་པའི་བསོད་ནམས་འབུམ་གྱི་འདོད་དོན་ཡིད་བཞིན་དུ་གྲུབ་སྟེ་ཁྲིད་སྟེགས་སྟེང་འབུད་ཐུབ་པ་བྱུང་། 1996ལོར་ཁོས་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་རྫོང་སྟག་ཚང་སློབ་ཁུལ་དུ་ལོ་གསུམ་རིང་གི་དགེ་རྒན་གྱི་ལས་ཀ་མཇུག་རྫོགས་རྗེས། ཡང་བསྐྱར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནས་སོ་སོར་ཁང་གསར་བཅའ་སྡོད་སློབ་གྲྭ་དང་བོད་ཡིག་སློབ་འབྲིང་། དཔལ་ཡུལ་ཞང་ཆ་ཚང་སློང་ཆུང་བཅས་ནས་དགེ་རྒན་གྱི་བྱ་བ་གཉེར་ཞིང་། སློབ་གསོའི་འཐབ་ས་དང་པོ་རུ་རང་ཉིད་ཀྱི་ལང་ཚོ་ཕུལ་བ་རེད། 2013ལོར་བསོད་ནམས་འབུམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ལ་ལས་གནས་སྤར་ཏེ་ལྟ་སྐུལ་ཚན་ཁག་གི་ཚན་གཙོའི་འགན་འཁུར་བ་དང་། ད་བར་དུ་ལོ་ངོ8འགོར་ཡོད།

མིག་སྔར། ཁོའི་བྱ་བའི་འགན་འཁུར་གཙོ་བོ་ནི་པད་མ་རྫོང་དུ་སོང་ནས་ས་གནས་ཀྱི་སློབ་མར་སློབ་མགོ་བརྩམས་རྗེས་ཀྱི་སློབ་ཁྲིད་དང་ཟས་སྡོད། དྲོད་འདོན། འཚོ་བཅུད་ཟས་རིགས་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུ་དེ་རེད།

“ཁྱོད་ཚོས་ཞོགས་ཟས་ཨེ་ཟོས། ཨེ་རྒྱགས་ཐལ།”

སྔ་དྲོའི་དུས་ཚོད9ཡི་སྟེང་། བསོད་ནམས་འབུམ་པད་མ་རྫོང་སྟག་མཁར་ཞང་བཅའ་སྡོད་སློབ་གྲྭའི་ལོ་རིམ་གསུམ་པའི་བྱིས་པ་ཚོ་དང་མཉམ་དུ་བསྡད་ཅིང་། ཁོ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་འདྲི་རྩད་དང་རྒྱུས་ལོན་བྱས། དེ་ནི་ཁོའི་རང་གི་བུ་དང་བུ་མོར་ཆད་པའི་བརྩེ་བ་ཞིག་ཡིན་སྲིད། གང་ལྟར་བསོད་ནམས་འབུམ་གྱིས་ནམ་ཡང་ཨ་ཕ་དང་འདྲ་བའི་བརྩེ་བ་ཞིག་གིས་བྱིས་པ་ཚོའི་གོན་པ་དག་སྒྲིག་དང་སྒྲོག་གུ་རྒྱག་པ་སོགས་བྱེད་པ་རེད།

ལས་གྲོགས་ཚོའི་མིག་ནང་དུ། བསོད་ནམས་འབུམ་ནི“བྱ་བ་བསྒྲུབས་ཚེ་འབད་པ་བྱེད་པའི་མི་ཞིག་ཡིན་ལ།” ཆུང་མའི་མིག་ནང་དུ“བྲེལ་བའི་དབང་གིས་ལོ་གཅིག་གི་ནང་དུ་ཡུལ་ལ་ཐེངས་གཅིག་གཉིས་ལས་ལོག་མི་ཐུབ་པ་ཞིག་རེད།” བུ་མོའི་སེམས་སུ“ཨ་ཕ་ནམ་ཞིག་ལ་ཕྱིར་ཡོང་རྒྱུ་ཡིན་ནམ། དུས་ནམ་ཞིག་ལ་ངའི་ཁྱིམ་བདག་ཚོགས་འདུར་ཐེངས་གཅིག་ཞུགས་ཐུབ་བམ”ཞེས་དྲན་དགོས་པ་ཞིག་རེད། ཡིན་ཡང་དེ་དག་ལ་གདོང་གཏོད་དུས། བསོད་ནམས་འབུམ་ལ་ལན་གཅིག་མ་གཏོགས་མེད་དེ། “སློབ་གསོའི་བྱ་བ་ནི་ཕར་བལྟས་ཚོད་ཀྱིས་རྒྱུན་ལྡན་ཞིག་ཏུ་སྣང་མོད། འོན་ཀྱང་དེ་ནི་བྱིས་པ་རེ་དང་ཁྱིམ་ཚང་རེའི་མ་འོངས་པའི་རེ་བར་དམ་དུ་འབྲེལ་ཡོད་ལ། དེ་ལས་ཀྱང་ས་གནས་ཤིག་དང་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ལའང་འབྲེལ་བ་ཡོད་པས། འགོར་འགྱངས་བྱེད་མི་ཕོད”ཟེར།

“ཁའོ་ཀྲང་བསོད་ནམས་འབུམ་ནི་ནམ་ཡང་ལས་རྐང་སྟེང་དང་། ཡང་ན་ལས་རྐང་དུ་ཞུགས་པའི་ལམ་དུ་ཡོད།”སྒྲོལ་མ་ལྷ་སྐྱིད་དང་བསོད་ནམས་འབུམ་གཉིས་ཀྱིས་མཉམ་དུ་བྱ་བ་བསྒྲུབས་ནས་ལོ་གཉིས་ལྷག་འགོར་ལ། བསོད་ནམས་འབུམ་གླེང་ཚེ་མོས་གཏམ་རྒྱུད་འདི་ལྟ་བུ་ཞིག་གླེང་བྱུང་།

ད་ལོའི་ལོ་གསར་སྐབས་སུ་མགོ་ལོག་ཁུལ་སློབ་གསོ་ཁོངས་གཏོགས་ཀྱིས་ལོ་རེར་ཐེངས་གཅིག་སྤེལ་བའི“ཏང་འཛུགས་བསམ་བློའི་ཆབ་སྲིད་བྱ་བའི་ཚད་ལེན་གདེང་འཇོག”མཇུག་བསྡུ་ལ་ཉེ་བ་དང་། སློབ་གྲྭ139ཡི་མཇུག་མཐའི་ཚད་ལེན་གདེང་འཇོག་བྱ་བ་དེ་ཁའོ་ཀྲང་བསོད་ནམས་འབུམ་དང་ལས་གྲོགས་གཞན་དག་གི་ཕྲག་ཏུ་བབས། “ལོ་གསར་གྱི་སྔོན་ནས་ལོ་གསར་གྱི་རྗེས་བར་དུ་བྱ་བ་བསྒྲུབས་པ་དང་། དགོང་མོར་ལས་སྣོན་བྱེད་དུས། ཁོར་བུ་མོས་བཏང་འོང་བའི་བརྙན་ལམ་ཁ་པར་ཡང་ལེན་ཁོམ་མེད་པར་གྱུར།” སྒྲོལ་མ་ལྷ་སྐྱིད་དང་ལས་གྲོགས་ཚོས་བསོད་ནམས་འབུམ་ལ་ངལ་ཅུང་ཙམ་གསོ་རོགས། མྱུར་དུ་ཟ་མ་ཟ་རུ་སོང་ཞེས་ཡང་ཡང་བཤད་ནའང་། “སྐྱོན་མེད་ཀི བྱ་བ་བསྒྲུབ་ཚར་རྗེས་སོང་ཆོག”ཁོས་ནམ་ཡང་ཁོ་ཚོར་དེ་ལྟར་ལན་འདེབས་པ་རེད། མཚན་མོ་དེ་འདྲའི་མང་པོ་ཞིག་ཏུ་བསོད་ནམས་འབུམ་གྱི་གཞུང་ལས་ཁང་གི་གློག་སྒྲོན་ནམ་ཡང་གསལ་ལམ་མེར་བཀར་འདུག

2013ལོར་མགོ་ལོག་ཁུལ་སློབ་གསོ་ཅུས་ལ་ལས་གནས་སྤར་ཏེ་བྱ་བ་བསྒྲུབས་པ་ནས་བཟུང་། བསོད་ནམས་འབུམ་གྱིས་ད་དུང《ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་གྲྭའི་ཏང་འཛུགས་སྐྲུན་དང་བསམ་བློའི་ཆབ་སྲིད་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་འགའ》དང《མགོ་ལོག་ཁུལ་སློབ་གསོ་ཁོངས་གཏོགས་ཀྱི་ཆུང་འབྲིང་སློབ་གྲྭའི་ཏང་འཛུགས་སྐྲུན་དམིགས་འབེན་ཚད་ལེན་གདེང་འཇོག་མ་ལག》སོགས་ཀྱི་ཡིག་ཆ་རབ་དང་རིམ་པ་བྲིས་ནས་ཡོངས་འགྲུབ་བྱས་པ་དང་། མགོ་ལོག་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་འཇགས་བཅས་ཡོང་བའི་ཐད་ཐབས་འདོན་ཇུས་འབུལ་བྱས་པར་མ་ཟད། “སློབ་གྲྭ་རེ་ལ་ཏང་ཀྲི་པུའུ་རེ”འཛུགས་པར་མགོ་འཛིན་དང་སྐུལ་སྤེལ་བྱས་པ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་ཏང་ཡོན་དང་ཏང་ཀྲི་པུའུ་ཧྲུའུ་ཅི། ཏང་དོན་བྱ་བ་སྒྲུབ་མཁན890ལ་ཁྱོན་ཡོངས་སུ་ཁེབས་པའི་གསོ་སྦྱོང་བྱས་ཤིང་། ཁུལ་ཡོངས་ཀྱི་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ཁེབས་ཚད2013ལོའི65%ནས2019ལོའི་ལོ་མཇུག་གི100%རུ་འཕར།

དགེ་རྒན་ཞིག་ནས་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཏུ་གྱུར་པའི་བར་དུ། བསོད་ནམས་འབུམ་གྱིས་དུས་ནམ་ཡང་སློབ་གསོའི་ཕུགས་འདུན་སྲུང་བའི་ཐོག་མའི་བསམ་འདུན་སེམས་སུ་ཉར་ཏེ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་ཀྱིན་འདུག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།