སྐུ་འབུམ་དགོན་པའི་བོད་སྨན་ཁང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་སྦྱོར་བཟོའི་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་དམར་ཁྲིད་ཀྱི་བྱ་བ་ལེགས་གྲུབ་བྱུང་།

a218e270b09c7d7cbc03983a2fd696c.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྗེའི་གདན་ས་སྐུ་འབུམ་བྱམས་པ་གླིང་བོད་སྨན་ཁང་གི་བོད་སྨན་འདུལ་སྦྱོང་བདུད་རྩི་ཆར་སྦྱིན་གླིང་དུ་སྨན་ཁང་རང་གི་སྨན་པ་རྒན་གཞོན་ཡོངས་དང་། ཀན་སུའུ་དང་སི་ཁྲོན་ནས་ཕེབས་པའི་སྨན་པ་བཞི་བཅུ་ལྷག་ལ་ཟླ8པའི་ཚེས15ནས་ཟླ10བའི་ཚེས15བར་བོད་ཀྱི་གསོ་རིག་གི་སྨན་རྫས་རྩ་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། དེའི་ཡན་ལག་ཏུ་གྱུར་བའི་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་སྣ་བདུན་གྱི་སྦྱོར་བཟོ་བཅས་ཀྱི་བྱ་བ་ལེགས་གྲུབ་བྱུང་།

9d872dde34e4d7b4e60c4999be646f9.jpg

b27971f2c340219672eca4ec6df72f6.jpg

b8c704f009dbe99d49d276a67b3ea11.jpg

དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་བཅས་ཀྱི་ལག་ལེན་ནི་བོད་སྨན་འདུལ་སྦྱོང་རིག་པ་ལས་ཆེས་ཚད་མཐོ་བ་དང་། དཀའ་ཚེགས་ཆེ་བ། འགྲུབ་དཀའ་བ། བརྒྱུད་ལྡན་གྱི་རིག་པའི་གཞུང་ལུགས་དང་ལག་ལེན་དམར་ཁྲིད་ཀྱི་རེ་འདུན་ཤིན་ཏུ་མཐོ་བས་ཕྱོགས་ཡོངས་ནས་སྨན་ལས་ཀྱི་ཆ་རྐྱེན་འཛོམས་པོ་མེད་ན་ལག་ཏུ་ལེན་པར་ཤིན་ཏུ་དཀའ། བོད་ཀྱི་གསོ་རིག་ལས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་བཅས་ཀྱི་ལག་ལེན་གྱི་ཁུངས་ནི་དཔལ་ལྡན་རྒྱུད་བཞི་དང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལ་ཐུག་ཡོད་པ་དང་། སྨན་པའི་རྒྱལ་པོ་གཡུ་ཐོག་པ་ཡབ་སྲས་སོགས་ཀྱིས་རྒྱུད་ཕྱི་མར་ཇི་ལྟར་གསུང་བ་བཞིན་ཕྱག་བཞེས་མཛད་གནང་བ་དང་། ལྷག་པར་དུ་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་རང་གི་ཞལ་སློབ་རྗེ་རང་བྱུང་རྡོ་རྗེ་ལ་སྙན་བརྒྱུད་ཀྱི་གདམས་པ་ལྷུག་པོར་གནང་བ་ནས། བོད་ཀྱི་གསོ་རིག་གི་མཁས་དབང་མང་པོ་ནས་རིམ་གྱིས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་ལ་ཐུག་གི་བར་དུ་བརྒྱུད། མཁན་ཆེན་མཆོག་གིས་ལོ་རབས་བདུན་ཅུ་བ་ནས་བཟུང་མི་ལོ་སུམ་ཅུའི་རིང་མདོ་དབུས་ཁམས་གསུམ་གྱི་ཞལ་སློབ་མང་པོར་འདིའི་ཐད་ཀྱི་གཞུང་ལུགས་དང་ལག་ལེན་དམར་ཁྲིད་ཀྱི་གདམས་ངག་ཡོད་ཚད་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་མཛད་རྗེས་བླ་ན་མེད་པའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་འདིའི་ལག་ལེན་གྱི་རྒྱུན་ལ་བྱིན་རླབས་ཀྱི་དྲོད་མ་ཡལ་བར་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་ཤར། 

c187d821c75a2312529a4d3db6257ec.jpg

383b64eb9d5c76a1fbb66456fc828c9.jpg

ད་རེས་མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་ཕྱག་འདེབས་པ་པོ་མཆོག་སྤྲུལ་བཀྲ་ཤིས་རིན་པོ་ཆེ་མཆོག་གི་བཀའ་ཡི་བསྐུལ་མ་གནང་བ་དང་། རྗེ་སྐུ་འབུམ་གཞུང་གི་དབུ་ཁྲིད་མཆོག་སྤྲུལ་ར་ཁོ་རིན་པོ་ཆེ་མཆོག་དང་། དབུ་ཁྲིད་གཞོན་པ་རམས་འབྱམས་པ་རྒྱལ་མཚན་མགོན་པོ་དང་། བསྟན་པ་ཡར་འཕེལ། བློ་བཟང་དཀོན་མཆོག་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར། ད་དུང་སྨན་ཁང་གི་ཡོན་ཀྲང་ངག་དབང་བསྟན་པ་ལགས་ཀྱིས་འདུལ་སྦྱོང་ཁང་གསར་རྒྱག་གནང་བ་སོགས་ཕྱོགས་ཡོངས་ནས་སྨན་ལས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་སྐྲུན་པ་དང་འབད་བརྩོན་ཆེན་པོ་གནང་བ་བཅས་ལ་བརྟེན་ནས། བཀྲ་ཤིས་རིན་པོ་ཆེ་མཆོག་གི་ཞལ་སློབ་རྒན་པ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་སློབ་མའི་འཛུབ་སྟོན་སློབ་དཔོན། མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་རང་གི་དགེ་རྒན་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གི་དངོས་བརྒྱུད་ཕྱག་ལེན་ཇི་བཞིན་སློབ་མ་རྣམས་ལ་གཞན་ཕན་ལྷག་བསམ་དང་དཔེ་ཁྱུད་ཇི་ཡང་མེད་པར《བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུའི་སྦྱོར་བཟོ་བཅས་ཀྱི་ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ་ནད་མེད་ཅིང་ཚེ་རིང་བ་ཨ་རུ་རྣམ་པར་རྒྱལ་བའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ》ཞེས་པའི་དཔེ་ཆ་ཞིག་རྩོམ་བསྒྲིགས་གནང་བ་དང་དེའི་ཐོག་ཏུ་སློབ་མ་རྣམས་ལ་གཞུང་ལུགས་སློབ་ཁྲིད་ཞིབ་རྒྱས་གནང་བ་དང་། ལྕགས་ཁམས་ཐལ་སྲེག་གི་ལྕགས་བརྒྱད་ཁམས་བརྒྱད་ཀྱི་ཐལ་བ་སོ་སོར་བཟོ་བའི་ལག་ལེན་དང་། དངུལ་ཆུའི་གཡའ་ཕྱི་དུག་འདོན། ལྕི་འབིགས་བཙོ་བཀྲུས་འདུལ་བ། དགྲ་སྤྲད་རང་གཟུགས་བསྒྱུར་བ་བཅས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན། རིན་ཆེན་རིལ་བུའི་རིགས་ལ་རིན་ཆེན་རིལ་ནག་ཆེན་མོ་དང་། རཏྣ་བསམ་འཕེལ། རིན་མང་སྦྱོང་ཆེན་མོ། གཡུ་རྙིང་ཉེར་ལྔ། དེའུ་དམར་བའི་རིན་ཆེན་བྱུ་དམར་ཉེར་ལྔ། དབང་རིལ་ཉེར་ལྔ། ཟུར་ལུགས་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་བཅས་ཀྱི་སྨན་འདུལ་སྦྱོང་གི་ལག་ལེན་ཕྲ་ཞིང་ཕྲ་བ་རྣམས་བརྒྱུད་ལྡན་བླ་མ་དམ་པ་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གིས་ཕྱག་ལེན་གནང་མྱོང་བ་ཇི་བཞིན་ནན་ཏན་གྱིས་ལག་ལེན་དུ་ཐེབས་པར་བགྱིས་ཤིང་འདིའི་བརྒྱུད་པ་ཚད་ལྡན་ཅན་ཕྱི་རབས་སྨན་པ་རྣམས་ལ་སྤེལ་བར་གནང་། 

8925c126673907636247d1d64b67b94.jpg

ད་རེས་ཀྱི་ལྕགས་ཁམས་ཐལ་སྲེག་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་རིལ་བུའི་རིགས་ཀྱི་སྦྱོར་བཟོ་ཚང་མ་རྟགས་དང་མཚན་མ་གཞུང་ན་ཇི་བཞིན་གསུང་བ་ལྟར་ལེགས་གྲུབ་བྱུང་བས་སྨན་ལས་སློབ་མ་རྣམས་དགའ་དད་སྤྲོ་གསུམ་གྱིས་ཡོངས་སུ་ཁེངས།

དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་སྤྱི་ལོ 1986 ལོར་མདོ་སྨད་རེབ་གོང་དུ་ཕེབས་ནས་ལྕགས་ཁམས་ཐལ་སྲེག་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་རིལ་བུའི་རིགས་ཀྱི་སྦྱོར་བཟོ་གནང་སྐབས་གང་གི་དྲུང་ནས་ཕྱག་ལེན་གྱི་བརྒྱུད་པ་བླངས་པ་དང་། ཕྱིས་སུ་ལྷ་ས་དང་པེ་ཅིན་དུ་མཁན་པོ་མཆོག་གི་དྲུང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིལ་ནག་ཆེན་མོ་གཙོས་རིན་ཆེན་རིལ་བུའི་རིགས་ཀྱི་ལག་ལེན་མཛུབ་ཁྲིད་ཀྱི་དོགས་གཅོད་ཡང་ཡང་ཞུས་ཤིང་། མཁན་པོ་མཆོག་གིས་ཆིག་བརྒྱུད་ཀྱི་གདམས་པ་ཡང་མང་དུ་བསྩལ་བར་མ་ཟད། མཁན་པོ་མཆོག་སྐུ་དངོས་ནས་དགེ་རྒན་དཀོན་མཆོག་རྒྱལ་མཚན་གྱི་ཟིན་བྲིས་ལ་ཞུ་དག་དང་ཁ་གསབ་མི་ཉུང་བའང་གནང་བ་ད་ལྟ་དངོས་སུ་བཞུགས། 

བཙོ་ཐལ་ལེགས་གྲུབ་སྐོར་གྱི་གསར་འགྱུར་རྒྱས་བཤད།1849.png

དགེ་རྒན་དཀོན་མཆོག་རྒྱལ་མཚན་མཆོག་ནས་ཀྱང་དུས་རྟག་ཏུ་བསམ་སྦྱོར་གཉིས་ཀྱིས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པར་བསྟེན་ནས་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལུང་ཁྲིད་སོགས་མང་དུ་གསན་ལ། མཁན་པོ་མཆོག་ནས་ཀྱང་དགེ་རྒན་དཀོན་མཆོག་རྒྱལ་མཚན་ལ་ཐུགས་རྩིས་ཤིན་ཏུ་ཆེ་བས་མཁན་པོ་མཆོག་གིས་ཞལ་ཆེམས་ཀྱི་ཚུལ་དུ་དགེ་རྒན་ལགས་ལ་སྒྲ་རིག་དང་གསོ་རིག་བསྟན་པ་གཙོས་བོད་ཀྱི་རིག་གནས་རྒྱུན་འཛིན་ཐད་ལ་རེ་ལྟོས་ཆེན་པོ་བཅངས་པའི་ཚུལ་གྱི་ཕྱག་ཡིག་ཅིག་ཀྱང་གནང་ཡོད་པས་དམ་པ་གང་གི་ཐུགས་སྲས་མཆོག་ཏུ་གྱུར་པ་ཞིག་ཏུ་ངེས་སོ།།

བཙོ་ཐལ་ལེགས་གྲུབ་སྐོར་གྱི་གསར་འགྱུར་རྒྱས་བཤད།4910.png

ཐེངས་འདིར་མདོ་རྒྱུད་བསྟན་བཅོས་མང་པོར་རྒྱལ་བའི་ལུང་གིས་བསྔགས་ཤིང་མཁས་པ་དང་གྲུབ་པའི་བསྟི་གནས། ཁྱད་པར་གངས་ལྗོངས་ཚད་མའི་སྟོན་པ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལྟེ་ཁྲག་གི་འདབ་མ་འཐོར་བའི་གནས། རྟེན་གསུམ་བྱིན་རླབས་ཀྱི་གཟི་ཁ་རྣམ་པར་འབར་བའི་དཔལ་གྱི་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ཞེས་གྲགས་སྙན་གྱི་རོལ་མོ་ས་གསུམ་ན་གཡོ་བའི་གནས་འདི་རུ། ཞིང་ལྗོངས་གསུམ་ལྷག་ནས་ཕེབས་པའི་སྐལ་ལྡན་གྱི་སློབ་མ་བཞི་བཅུར་ཉེ་བ་ཡོངས་ལ་མན་ངག་གི་ཞལ་རླངས་མ་ཡལ་ཞིང་། བརྒྱུད་པའི་བར་མ་ཆོད་པ། བྱིན་རླབས་ཀྱི་དྲོད་ཁ་འབར་བའི་གདམས་པ་འདི་ཉིད་སྦ་གསང་མེད་པར་བདག་ཅག་གི་དགེ་རྒན་ཁོང་གིས་བརྩེ་བ་ཆེན་པོའི་དབྱིངས་ནས་བདག་ཅག་སློབ་བུ་ཡོངས་ལ་ལེགས་པར་བསྩལ་བ་དང་དེའི་བརྒྱུད་འཛིན་དཔང་ཡིག་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ལྷན།  

བཙོ་ཐལ་ལེགས་གྲུབ་སྐོར་གྱི་གསར་འགྱུར་རྒྱས་བཤད།5583.png

གང་གི་སྐུ་ཚེ་བརྟན་པ་དང་། ། མཛད་འཕྲིན་རྟག་ཏུ་རྒྱས་པར་ཤོག །  

བཞེད་དོན་ལྷུན་གྱིས་འགྲུབ་པ་དང་། ། སེམས་ཅན་བདེ་ལ་འགོད་པར་ཤོག །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།