ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པ་མཚོ་ནུབ་ཏུ་བསྐྱོད་ནས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ནས་ཚེས11ཉིན་བར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་གཞོན་པ་མ་ཀྲིན་ཆི་ཡིས་རུ་སྣེ་འཁྲིད་དེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བསྐྱོད་ནས། སྲིད་ཁྲིམས་དཔུང་སྡེ་དང་པོའི་སློབ་གསོ་དག་ཐེར་གྱི་ཕན་འབྲས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཏེ། སློབ་གསོ་དག་ཐེར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བྱས།

ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གིས་མཚོ་ནུབ་ཁུལ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་གྱི་སྙན་ཞུར་ཉན་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས། གཞི་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ། སློབ་གྲྭའི་སློབ་གཙོ། ཁྲིམས་རྩོད་པ། ཁེ་ལས་ཀྱི་འཐུས་མི་སོགས་ཀྱིས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་གྱི་མྱོང་ཚོར་དངོས་དང་། དེ་བཞིན་སྲིད་ཁྲིམས་སྡེ་ཁག་གིས་མང་ཚོགས་ལ་ཞབས་འདེགས་དང་ཁྲིམས་འཛིན་གཞུང་དྲང་གི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་གྱིས་ཉན། མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་དང་ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཁྲའར་ཧན་ཡན་ལག་ཅུའུ་རུ་བསྐྱོད་ནས། གཞི་རིམ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ལས་བྱེད་མང་ཚོགས་རྣམས་དངོས་སུ་ཐུག་འཕྲད་ཀྱིས་བསམ་བློ་བརྗེ་རེས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་སེམས་འདུན་དང་དགོས་མཁོ། དེ་བཞིན་གཞི་རིམ་དུ་གནས་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་བྱས།

མ་ཀྲིན་ཆི་ཡིས་མཚོ་ནུབ་ཁུལ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན། “སློབ་གསོ་གསུམ”ལ་ཤུགས་སྣོན། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱེད་དགོས། སློབ་གསོ་དག་ཐེར་ཁག་དང་པོ་དང་ཁག་གཉིས་འབྲེལ་མཐུད་དམ་ཟབ་ཡོང་བར་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་འདོམས་ཟུང་འབྲེལ་བཟང་པོ་བྱེད་པ་དང་། གྱོད་གཞིའི་ཁུངས་གནས་གཙང་ལེན། དྲ་ཐོག་ནས་ཞིབ་བཤེར་བྱེད་པར་རྗེས་སྙེག་བྱེད་པ་བཅས་ཀྱི་ཐོག་ནས། “མི་དང་བྱ་བ། བདེན་དཔང་བཅས་ལྡན་པ”བྱས་ཏེ་ཞིབ་དཔྱད་འབྲས་བུ་ལ་ཞིབ་བཤེར་ཚོད་བགམ་བྱེད་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།