ཞིན་ཁྲང་ཞིང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ལ་འཇལ་འཛོམས་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ནས11ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་པེ་ཅིང་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། རིག་གནས་ཡུལ་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀུང་ཟི་བཅས་དང་འཇལ་འཛོམས་བྱས་ཏེ། འབྲེལ་འཛུགས་གླེང་མོལ་ཟབ་མོ་བྱས་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་འབྲེལ་ཡོད་དོན་དག་ལ་མཉམ་གྲོས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲིན་གཉིས་སོ་སོ་འཇལ་འཛོམས་ལ་ཞུགས་ཤིང་འབྲེལ་ཡོད་ལས་དོན་གྱི་སྙན་ཞུ་ཕུལ། 

གྲོས་མོལ་ཁྲོད། ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་བཅས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། རིག་གནས་ཡུལ་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀུང་ཟི་བཅས་ཀྱིས་དུས་ཡུན་རིང་པོའི་རིང་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་བཞིན་པའི་སྒང་ཡིན་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། ཐོན་ལས་གསར་པ་གསོ་སྐྱོང་ལྷུར་ལེན་དང་། “གནས་བཞི”འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་འབད་པས་བསྐྱོད་བཞིན་ཡོད། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྔར་བཞིན་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། མཚོ་སྔོན་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་སྐྲུན་པ། ལྕགས་ལམ་ཇུས་འགོད་འཛུགས་སྐྲུན། “རྒྱུད་གཅིག་ལམ་གཅིག”གི་ནང་འདྲེས་པར་བྱེད་པ་སོགས་ཀྱི་ཕྱོགས་ནས་སྔར་ལས་མང་བའི་མཛུབ་སྟོན་དང་རོགས་རམ་མཛད་དེ། མཚོ་སྔོན་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རོགས་སྐུལ་གནང་བའི་རེ་བ་ཡོད་ཅེས་གསུངས། 

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། རིག་གནས་ཡུལ་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀུང་ཟི་བཅས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་ཞིང་གིས་བཏོན་པའི་རེ་ཞུ་ཁག་ལ་ལན་ཡག་པོ་བཏབ་སྟེ། མཚོ་སྔོན་གྱི་དམིགས་བསལ་ཞིང་ཆེན་གནས་ཚུལ་ལ་ཐུགས་བསམ་ལེགས་པོ་བཞེས་པ་དང་། འབྲེལ་འཛུགས་གླེང་མོལ་ལ་སྔར་ལས་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་ཟབ་ཏུ་སྤེལ་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་བསམ་ཚུལ་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།