མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་ལ་རྟོག་ཞིབ་མཛད་ཅིང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་གནང་། 

ཐུན་རིན་གྲོང་ཁྱེར་དུ། མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་ཁུལ་རིམ་པའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པའི་རོལ་མྱོང་ཁང་དུ་གཟིགས་ཞིབ་གནང་བ་དང་། རྨ་ལྷོ་ཁུལ་ཏང་ཨུ་དང་། ཐུན་རིན་གྲོང་ཁྱེར་ཏང་ཨུ། རྩེ་ཁོག་རྫོང་ཏང་ཨུ་བཅས་ཀྱི་འབྲེལ་ཡོད་བློ་མཐུན་དང་བཞུགས་མོལ་གསུང་གླེང་མཛད། མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་སྤེལ་བ་བརྟན་ཅིང་ནུས་ལྡན་ཡིན་པ་དང་། དམིགས་བསལ་ཁྱད་ཆོས་མངོན་པར་གསལ་བ། ཕུན་སུམ་ཚོགས་ཤིང་མིག་དབང་འཕྲོག་པས། རིགས་སོ་སོའི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལས་བྱུང་བའི་ཁེ་བཟང་ལོངས་སུ་སྤྱད་ཡོད། རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་བློ་གལ་ཆེན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དྲིལ་སྒྲོག་བྱེད་པ། བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་ཏུ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་གྱི་སྙིང་པོ་སྔོག་འདོན་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས། 

མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་དུ་མི་རིགས་མང་པོ་འཚོ་སྡོད་བྱས་ཤིང་སྣ་མང་རིག་གནས་མཉམ་འདྲེས་བྱུང་ཡོད་ལ། རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་ཐུན་རིན་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནང་སྙིང་ཟབ་པས། གསར་སྐྲུན་ལས་དོན་ཁྲོད་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་དང་མིག་དབང་འཕྲོག་ས་འབུར་དུ་དོད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པར་སྣེ་ཁྲིད་ནས། མི་རིགས་སོ་སོ་འབྲེལ་འདྲིས་དང་བརྗེ་རེས་མཉམ་འདྲེས་འབྱུང་བར་སྐུལ་འདེད་བྱེད་དགོས། དམངས་འཚོ་ལེགས་བཅོས་དང་འབྲེལ་བའི་མི་རིགས་མཐུན་སྒྲིལ་ལ་སྔར་བས་གསོན་ཤུགས་ལྡན་ཞིང་། གསར་སྐྲུན་ལས་དོན་ཁྲོད་དམངས་འཚོ་ཁག་ཐེག་དང་ལེགས་བཅོས་ལ་མཐོང་ཆེན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་མཉམ་རོལ་བྱེད་དུ་འཇུག་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་གྲུབ་འབྲས་མུ་མཐུད་བརྟན་ལྷིང་མཐོར་འདེགས་བྱེད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་གནས་སྟངས་ཆེན་པོའི་ནང་འདྲེས་པར་ལྷུར་བླངས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་གཏིང་ཟབ་སར་ཁྲིད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།