མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་བཏང་།

ཁྱོན་རིགས་སོ་སོའི་ཁྲིམས་སྐྱོང་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། ཐང་ཆེན། འགྲེམས་སྟོན་ཁང་། ཁྲོམ་གཞུང(སྡེ་ཁུལ)4054འཛུགས་སྐྲུན་བྱས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་དོན་དངོས་ལ་དམ་པོར་དམིགས་ཏེ། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་གཏོང་བ་དང་། དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་གྱི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཏུ་བརྩིས་ནས། ཡུལ་བབ་དང་བསྟུན་ཞིང་གོ་རིམ་ལྡན་པའི་ངང་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་ཕན་འབྲས་ངེས་ཅན་ཐོབ། 

མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་སྐྱོང་རིག་གནས་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། “ས་གནས་གཅིག་ལ་ཁྱད་ཆོས་གཅིག་དང་། ས་ཆ་གཅིག་ལ་སྤུས་རྟགས་གཅིག”གི་ལས་ཀའི་འཆར་གཞི་ལྟར། གཙོ་གནད་ཡོད་པ་དང་རིམ་པ་དབྱེ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ལ་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ཁྲིམས་སྐྱོང་རིག་གནས་དཔེ་སྟོན་ས་ཚིགས་སམ་དཔེ་སྟོན་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་བྱས་ཤིང་། ཡུལ་བབ་དང་བསྟུན་ནས“མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་”ཁྲིམས་སྐྱོང་སྤྱི་གླིང་དང་། ཁྲིམས་སྐྱོང་ཐང་ཆེན། ཁྲིམས་སྐྱོང་ཁྱམས་རིང་། ཁྲིམས་སྐྱོང་ཟོག་སྒྲོམ་བཅས་ཀྱི“བཀྲག་མདངས་འཚེར་ས་ཆེན་པོ་བཞི་”འཛུགས་སྐྲུན་བྱས། ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཆུས་སུ་ལོ་རེའི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོའི་རྟེན་གཞི་དང་། ཟི་ལིང་ལྕགས་ལམ་སྐྱེལ་འདྲེན་ཞིབ་དཔྱོད་ཁང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི། མཚོ་སྔོན་ཁྲལ་དོན་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི། གཏེར་ལེན་ཁ་གྲོང་ཁྱེར་གྱི་དམངས་དོན་ཁྲིམས་གཞུང་གི་ཁྲིམས་སྐྱོང་རིག་གནས་སྤྱི་གླིང་སོགས་སོ་སོའི་ཁྱད་ཆོས་ལྡན་ལ་ནུས་པའི་སྒྲིག་བཀོད་ཆ་ཚང་བའི་ཁྲིམས་སྐྱོང་རིག་གནས་གཡུལ་ས་སྔ་རྗེས་སུ་སྤྱོད་མགོ་ཚུགས་ཡོད། ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་བརྟན་བརླིང་ངང་སྤེལ་བཞིན་ཡོད། རིམ་རྩིས་བྱས་ན་རིགས་སོ་སོའི་ཁྲིམས་སྐྱོང་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། ཐང་ཆེན། འགྲེམས་སྟོན་ཁང་། ཁྲོམ་གཞུང(སྡེ་ཁུལ)4054དང་། གྲོང་སྡོད་ཁྲིམས་སྐྱོང་དྲིལ་བསྒྲགས་འགྲེམས་པང5759།  ན་གཞོན་ཁྲིམས་སྐྱོང་སློབ་གསོ་ལག་ལེན་རྟེན་གཞི17། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་དཔེ་སྟོན་ས་ཚིགས20བཅས་འཛུགས་སྐྲུན་བྱས། 

ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་རིག་གནས་དཔེ་སྟོན་ས་ཚིགས་དཔྱད་འདེམས་དང། “ཁྲིམས་སྐྱོང་ལས་ཁུངས་ཡག་ཤོས་བཅུ” “ཁྲིམས་སྐྱོང་མི་སྣ་ཡག་ཤོས་བཅུ”ཡི་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྤེལ་ནས། རླུང་བརྙན་འཕྲིན་དང་ཚགས་པར་ཐོག་འབྲེལ་ཡོད་ཀྱི་ལེ་ཚན་བཏོད་དེ། གྱོད་གཞིགས་ཁྲིམས་བཤད་དང་གྱོད་གཞིགས་ཁྲིམས་འགྲེལ་བྱས་ནས། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བྱས། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ། འབྲོག་ཁུལ་བཅས་ལ་དམིགས་ནས། “ཁྲིམས་སྐྱོང་གླུ་གཞས”དང་ཁྲིམས་དང་ཀུན་སྤྱོད་ཀྱི་གར་སྟེགས་ཆེན་པོ་བཙུགས་ནས། སྐོར་སྐྱོད་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱས།  རྟ་ཐོག་ཁྲིམས་སྐྱོང་སྒྲོག་འགྲེལ་རུ་ཁག་དང་། སྦག་སྦག་ཁྲིམས་སྐྱོང་སྒྲོག་འགྲེལ་རུ་ཁག དྲིན་ཚོར་སྒྲོག་འགྲེལ་རུ་ཁག་སོགས་རྣམ་པ་སྣ་ཚོགས་བརྒྱུད། གྲོང་ཚོ་དང་དུད་ཚང་། སློབ་གྲྭ། དགོན་པ། ཁེ་ལས་སོགས་སུ་བསྐྱོད་པས་ཡོངས་ཁྱབ་ངང་དགའ་བསུ་ཐོབ་ཡོད། དམངས་དོན་ཁྲིམས་གཞུང་སྒྲོག་འགྲེལ་ཚོགས་པ་དང་། དགོན་སྡེའི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ། སློབ་ཆེན་སློབ་མའི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པ་སོགས་བཙུགས་ཏེ། ཆེད་ལས་བཅའ་ཁྲིམས་དང་དམིགས་བསལ་ཁུལ་སོགས་ཚོགས་སྤྱི་མི་འདྲ་བའི་བཅའ་ཁྲིམས་ཁྱབ་གདལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་། རིག་རྩལ་ལས་དོན་པ་དང་དམངས་ཁྲོད་སྒྱུ་རྩལ་པའི་ནུས་པ་འདོན་སྤེལ་བྱས་ནས། ཁྲིམས་སྐྱོང་རིག་རྩལ་གསར་རྩོམ་བྱེད་རྒྱུར་སྐུལ་ལྕག་དང་སྣེ་ཁྲིད། རྒྱབ་སྐྱོར་བཅས་བྱས། ཁྲིམས་སྐྱོང་གི་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་།  ཁྲིམས་སྐྱོང་གི་པར་རིས་འགྲེམས་སྟོན། ང་དང་རྩ་ཁྲིམས་ཀྱི་བརྙན་ཐུང་། སློབ་གྲྭའི་ཁྲིམས་སྐྱོང་རིག་གནས་འགྲེམས་འཁྲབ། ཁྲིམས་སྐྱོང་དབྱར་སྒར་སོགས་ཁྱོན་ཡོངས་དང་རིམ་པ་མང་བའི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་སྤེལ་བ་དང་།  “ཁྲིམས་སྐྱོང་གླུ་གཞས”དང་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་གར་སྟེགས་ཆེན་པོ”ཡི་སྐོར་སྐྱོད་འཁྲབ་སྟོན་སོགས་ཁྱད་ལྡན་བྱེད་སྒོ་ཁག་ཅིག་སྤེལ། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།