ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན་ནས་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་། ཝུའུ་ལན་རྫོང་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་འཐུས་ཚང་། ཡང་དག ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དོན་འཁྱོལ་གྱིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་ཏེ། རིགས་སོ་སོའི་མང་ཚོགས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་དགོས་ཞེས་བསྟན། 

གཏེར་ལེན་ཁ་གྲོང་ཁྱེར་ཧོང་ཀོང་སྡེ་བ་དང་། པའེ་ཧྲུའུ་ཧྲན་སྡེ་གསར་དང་། ཝུའུ་ལན་རྫོང་མཁར་དཀྱིལ་གཞིས་ཁུལ། པཱ་དབྱིན་སྡེ་བར། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་འོག དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་ཤིང་། ཡུལ་མི་ཚོའི་འཚོ་བ་སྔར་ལས་ཇེ་བཟང་དུ་སོང་། སྤྱི་ཁྱབ་ཧྲུའུ་ཅིར་བཀའ་དྲིན་ཞུ་བ་དང་། ཏང་ཀྲུང་དབྱང་ལ་བཀའ་དྲིན་ཞུ་བ། སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་ལ་བཀའ་དྲིན་ཞུས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་དགོས། གྲོང་གསེབ་དར་སྤེལ་གྱིས་རོང་འབྲོག་དམངས་ཀྱི་སྣེ་ཁྲིད་དེ་འབྱོར་ཕྱུག་ལམ་དུ་སྣེ་ཁྲིད་དེ། མགྱོགས་མྱུར་ངང་ཞིང་སྡེ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་། ཞིང་སྡེ་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་ཟབ་སྤེལ་དང་། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་དགོས། གཏེར་ལེན་ཁ་གྲོང་ཁྱེར་ཚྭ་འདམ་གཞོང་སློབ་ཆུང་དུ། ཁོང་གིས་བསྟན་དོན། སྤྱོད་ལེགས་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་གྱིས། “གཉིས་འཕྲི”སྲིད་ཇུས་ལག་བསྟར་ལེགས་པོ་བྱས་ནས། བྱིས་པ་ཚོར་མི་ཚེའི་གོམ་པ་དང་པོར་སྣེ་ཁྲིད་བྱེད་པ་དང་། ཀུན་སྤྱོད་དང་། བློ་གྲོས། ལུས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་། རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། ཝུའུ་ལན་རྫོང་མའོ་ཧུ་ཐའོ་ཁྲང་དུ། ཁོང་གིས་བསྟན་དོན། མའོ་ཧུ་ཐའོ་ཁྲང་ལས་བཟོ་བའི་སྙིང་སྟོབས་ནི་ཏང་གི་ལོ་རྒྱུས་སློབ་གསོའི་ཁྲིད་གཞི་ལེགས་པོ་ཞིག་ཡིན་ལ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་དང་སྔོག་འདོན་བྱས་ཏེ། གསར་བརྗེའི་རྒྱུ་རྟེན་ཚེ་རབས་སུ་རྒྱུན་འཛིན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།