མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱ་སྤྱོད་ཀྱི་བསླུས་དངུལ་གཞན་བསྐོར་ལ་རོགས་རམ་བྱེད་པའི་ཚོགས་པ་ཞིག་མེད་པར་བཟོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡིས་གློག་འཕྲིན་དྲ་རྒྱའི་བསླུས་དངུལ་གཞན་བསྐོར་གྱི་ཚོགས་པ་ཆེན་པོ་ཞིག་རྩད་ཆོད་དེ་གྱོད་གཞི་དང་འབྲེལ་བའི་དངུལ་བྱང་བརྒྱ་ལྷག་དང་། ལག་ཁྱེར་ཁ་པར་ལྔ་བཅུ་ལྷག གློག་ཀླད་གཅིག་བཅས་ཉེས་གསོག་ཡོ་བྱད་བདེ་བླག་ངང་གཞུང་བཞེས་བཏང་བ་དང་། ཡུལ་དངོས་ནས་ཉེས་གསོག་དོགས་ཡོད་ཉེས་ཅན20འཛིན་བཟུང་བྱས། ཟླ8པར་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཡུལ་གཞན་ནས་ཡོང་བའི་མི་སྐོར་ཞིག་གིས་ཟི་ལིང་དུ་ཡོང་ནས་སྡོད་ཁང་གླས་རྗེས། ཟི་ལིང་ནས་རང་ཉིད་ལ་དངུལ་ཁང་གི་བྱང་བུ་མང་པོ་སྒྲུབ་གཉེར་བྱས། ཁོང་ཚོའི་ཉིན་རེའི་ལས་ཀ་ནི་དངུལ་ཕར་སྐོར་ཚུར་སྐོར་བྱས་ནས་ཁེ་བཟང་རག་ཐབས་བྱེད་པ་དང་། མི་སྣ་འགའ་ཡིས་ཉིན་རེར་མ་དངུལ་སྒོར་ཁྲི་བརྒྱ་ཡན་གཞན་ལ་སྐོར་ཡོད་པ་རེད། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་གྱི་གཞིས་ཁུལ་ཞིག་གི་ཁྱིམ་ཚང་ནང་ནམ་རྒྱུན་མི་སྣ་འགྲོ་འོང་བྱེད་པ་ཤེས་རྟོགས་བྱུང་ཞིང་། ཁུངས་སྣེ་ལས་ཤེས་གསལ་བྱུང་བ་ལྟར་ན། དེ་ནི་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱ་སྤྱོད་ལ་རོགས་རམ་བྱེད་པར་དོགས་པ་ཡོད་པའི་བསླུས་དངུལ་གཞན་སྐོར་བྱེད་པའི་ནག་ཚང་ཞིག་ཡིན་པ་ཤེས། དེར་བརྟེན་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་དུ་ཆེད་དོན་ཚན་ཆུང་བཙུགས་ནས་བརྟག་དཔྱད་བྱས། དེ་རྗེས་གྱོད་གཞི་སྒྲུབ་གཉེར་གྱི་མི་དམངས་ཉེན་རྟོག་པས་ཕྱོགས་མང་པོ་ནས་མཐིལ་རྟོགས་གྲལ་བཤེར་དང་འདྲི་རྟོག་དང་དཔང་རྟགས་འབྲེལ་ཐག་གཏན་འཁེལ་བྱས་ཤིང་། ཟླ་ཕྱེད་ལྷག་ལ་འགག་སྒྲོལ་བྱས་པ་བརྒྱུད་སི་ཁྲོན་ནས་ཡོང་བའི་སྐྱེས་པ་ཅང་ཆེ་གེ་མོར་གྱོད་གཞི་བཟོ་བའི་དོགས་གཞི་ཆེན་པོ་ཡོད་པ་ཤེས་ཤིང་། ཉེས་གསོག་དོགས་ཡོད་ཉེས་ཅན་ལ་ཟི་ལིང་གྲོང་ཁྱེར་དུ་ནག་ཚང་བཞི་ཡོད་པ་དང་ནག་ཚང་ཚང་མའི་མི་སྣ་རྩ་འཛུགས་དང་སྒྲོམ་གཞིའི་ལས་བགོས་ཁ་གསལ་བཟོས་ཡོད་པ་ཞིབ་བཤེར་ཐུབ་པ་བྱུང་། 

ཟླ9པའི་ཚེས21ཉིན་གྱི་མཚན་མོར། ཆེད་དོན་གྱོད་གཞི་ཚན་ཆུང་གི་མི་དམངས་ཉེན་རྟོག་པར་ཚོགས་པ་དེས་ཟླ་མཆོད་དུས་ཆེན་གྱི་མཚན་མོར་འདུ་འཛོམས་བྱ་རྒྱུ་ཡིན་པའི་གནས་ཚུལ་ཡང་དག་འབྱོར་མ་ཐག མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡིས་འཕྲལ་མར་འཛིན་བཟུང་བྱེད་པར་བཀོད་སྒྲིག་བྱས་ཤིང་། ཉིན་དེའི་མཚན་མོར། ཉེན་རྟོག་ཕྱོགས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཁོག་ཟ་ཁང་ཞིག་ཏུ་འདུ་འཛོམས་བྱ་ཡུལ་ཡིན་པ་གཏན་འཁེལ་བྱས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་འཛིན་བཟུང་ཕར་རྒོལ་བྱས་ཤིང་། ཚེས22ཉིན་གྱི་ཐོ་རེངས་སུ་འཛིན་བཟུང་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ཉེས་གསོག་དོགས་ཡོད་ཉེས་ཅན་ཚང་མ་འཛིན་བཟུང་བྱས་པ་མ་ཟད། ཉེས་གསོག་ཡོ་བྱད་ཚང་མ་གཞུང་བཞེས་བཏང་། གྱོད་གཞི་སྒྲུབ་གཉེར་གྱི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པ་ལྟར་ན། ཚོགས་པའི་ཁོངས་མིས་གྱོད་དོན་ཐག་གཅོད་བྱས་རྗེས་ཉེས་གསོག་གི་དོན་དངོས་ཁས་མ་བླངས་པ་རེད། དོགས་ཡོད་ཉེས་ཅན་གྱིས་གཞོགས་འདེགས་མ་བྱས་པའི་གནས་ཚུལ་འོག་ཆེད་དོན་གྱོད་དོན་ཚན་ཆུང་གི་མི་དམངས་ཉེན་རྟོག་པས་འཐབ་ཇུས་རེ་རེ་བཞིན་གཏོར་པས་མཐར་ཉེས་གསོག་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་བྱས་པ་རེད། གྱོད་གཞི་སྒྲུབ་གཉེར་གྱི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཟླ7པར་ཉེས་གསོག་དོགས་ཡོད་ཉེས་ཅན་ཅང་ཆེ་གེ་མོ་ཟི་ལིང་དུ་དངུལ་ཁང་གི་བྱང་བུ་སྒྲུབ་གཉེར་བྱེད་པར་ཡོང་ནས་ཕྱི་རྒྱལ་དུ་གློག་འཕྲིན་གཡོ་བསླུས་བརྒྱབ་པའི་གྱོད་གཞིར་མ་དངུལ་བསྡོམས་རྩིས་འདོན་སྤྲོད་བྱས་པས་ཐོག་མའི་ཁེ་བཟང་ཐོབ། དེ་རྗེས་ཅང་ཆེ་གེ་མོས་ཁེ་བཟང་རག་ཐུབ་པར་འདོད་ནས་ཡུལ་གཞན་གྱི་ཁྱིམ་ཐོ་ཡིན་པའི་མི་སྣ་བསྡུས་ནས་ཟི་ལིང་དུ་དངུལ་ཁང་གི་བྱང་བུ་བསྒྲུབ་གཉེར་བྱས་རྗེས་དངུལ་ཁང་གི་བྱང་བུའི་གསང་གྲངས་གཅིག་གྱུར་བྱས་པ་དང་། ལག་ཁྱེར་ཁ་པར་གྱི་དྲ་བའི་དངུལ་ཁང་ཤར་གཏོང་བྱས་ནས། གཅིག་གྱུར་དོ་དམ་བྱས་ཏེ“ཤོག་བུའི་གནམ་གྲུ”དང“ཕ་ཝང”སོགས་གཏམ་གླེང་མཉེན་ཆས་དང་ཕྱི་རྒྱལ་གྱི་གློག་འཕྲིན་གཡོ་བསླུས་ཚོགས་པའི་བར་འབྲེལ་གཏུག་བྱས་པ་བརྒྱུད་ནས། གཡོ་བསླུས་ཚོགས་པས་དངུལ་བསྡུ་བ་དང་བསླུས་དངུལ་གཞན་སྒྱུར་བྱེད་སྐབས་ཅང་ག་གེ་མོ་ལས་གྲུབ་པའི་ལས་དོན་ཁང་གིས་དངུལ་ཁང་གི་བྱང་བུ་དང་ཁེ་ལས་ཀྱིས་དངུལ་ཁང་གི་རྩིས་ཐོའི་ཨང་རྟགས་སོགས་ཁྲིམས་འགལ་གྱི་བསླུས་དངུལ་གཞན་བསྒྱུར་གྱི་བསྡུར་ཚད་གཞིར་བཟུང་ནས་དངུལ་བསྡུ་བ་རེད། ངོ་སྤྲོད་བྱས་པ་ལྟར་ན། ཉེས་གསོག་ཚོགས་པ་དེས་ཟླ་གཉིས་ལྷག་ཙམ་རིང་ཉིན་རེར་ཆ་སྙོམས་སྒོར་ཁྲི1000ལྷག་ཙམ་བསླུས་དངུལ་གཞན་བསྒྱུར་བྱས་པ་རེད། མིག་སྔར་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཚོགས་པ་དེའི་ཉེས་གསོག་དོན་དངོས་ལ་འདྲི་ཞིབ་དང་རྩད་གཅོད་བྱས་རྗེས། ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱ་སྤྱོད་ལ་རོགས་རམ་བྱས་ནས་ཉེས་དོན་བཀག་ཉར་བྱས་པའི་དོགས་ཡོད་ཉེས་ཅན་མི20ཁྲིམས་ལྟར་བཀག་ཉར་བྱས། མིག་སྔར་གྱོད་དོན་ད་དུང་གོམ་གང་མདུན་སྤོས་ཀྱིས་འདྲི་གཅོད་བྱེད་བཞིན་ཡོད་པ་རེད། །


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།