དུས་རབས་གསར་བའི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་དང་པུའུ་རིམ་པའི་གླེང་སྟེགས་ཀྱི་གྲ་སྒྲིག་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན། དུས་རབས་གསར་པའི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་དང་པུའུ་རིམ་པའི་གླེང་སྟེགས་ཀྱི་གྲ་སྒྲིག་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་སྤེལ་བའི་ཚུལ་ལ་ཉན་པ་དང་། འབྲེལ་ཡོད་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས་གྲ་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་མགོ་འཛིན་གནང་བ་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་སྡོད་ཁང་འཛུགས་སྐྲུན་པུའུ་གཉིས་ཀྱིས་ཐུན་མོང་གིས་གཉེར་བའི་དུས་རབས་གསར་པའི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་དང་པུའུ་རིམ་པའི་གླེང་སྟེགས་ནི་མཐོ་སྒང་གི་མཛེས་པའི་མཁར་གྲོང་མཉམ་སྐྲུན་བྱེད་པའི་དཔེ་སྟོན་ཞིང་ཆེན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ད་ལོ་མཚོ་སྔོན་ཞིང་ཆེན་གྱི་བྱེད་སྒོ་གལ་ཆེན་ཞིག་ཀྱང་རེད། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ། བསམ་བློ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ལས་དོན་ཁག་ལ་ནན་ཏན་གྱིས་དམ་འཛིན་དང་། ཞིབ་ཚགས། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཐེངས་འདིའི་གླེང་སྟེགས་སྤུས་ཚད་མཐོ་བའི་སྒོ་ནས་གཉེར་བར་འགན་ལེན་བྱ་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་སྟེང་བྱ་བའི་འགན་འཁྲི་ནན་གྱིས་འཁུར་བ་དང་། འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། བློ་ཞིབ་མོས་རྩ་འཛུགས་དང་གྲ་སྒྲིག་དང་། རིམ་པ་སོ་སོ་དང་ལྷུ་ཚིགས་ཁག་ལ་སྐྱོན་ཆ་མི་ཐོན་པར་འགན་ལེན་བྱེད་དགོས། འབྲེལ་གཏུག་སྣེ་ལེན་ལ་དམ་འཛིན་བཟང་པོ་དང་། སྐུ་མགྲོན་སྐྱེལ་བསུ། འགྲོ་འདུག་ལ་སྣེ་ཁྲིད། རླངས་འཁོར་བཀོད་སྒྲིག་སོགས་ཀྱི་ལས་དོན་ཞིབ་ཚགས་སུ་གཏོང་བ། སྐུ་མགྲོན་དང་འཐུས་མི་རྣམས་དགའ་སྤྲོའི་ངང་སླེབས་ནས་བློ་ཡིད་ཚིམ་པའི་ངང་ཕྱིར་ལོག་ཐུབ་པར་འགན་ལེན་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་དང་། སྡེ་ཁག་བར་འབྲེལ་གཏུག་མང་པོ་དང་། དྲན་སྐུལ་མང་བ། སྟེགས་བུ་མང་ཏུ་གསབ་པ་བཅས་བྱས་ནས། བྱ་བའི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ཞིབ་ཕྲའི་སྒོ་ནས་ལུས་དྲོད་འཇལ་བ་དང་ཞིབ་དཔྱད་ཨང་གྲངས་བཤེར་བ། དུག་སེལ་དང་རླུང་རྒྱུ་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། “བདེ་སྐྱིད་ཀྱི་འཚོ་བ་རོལ་བའི”བླང་བྱ་དོན་འཁྱོལ་བྱེད་པ་དང་། གྲོན་ཆུང་བསྲི་ཚགས་ངང་གཉེར་དགོས། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཕྱི་ནང་ལ་དྲིལ་བསྒྲགས”དང“དྲ་ཐོག་དང་དྲ་ཕྱི”མཉམ་འདྲེས་ངང་ཁྱབ་སྤེལ་བྱེད་པར་དོ་སྣང་བྱས་ཏེ། གླེང་སྟེགས་དེ“མཛེས་སྡུག་ལྡན་པའི་ཀྲུང་གོ”དང་། “མཛེས་སྡུག་ལྡན་པའི་མཁར་གྲོང”“མཛེས་སྡུག་ལྡན་པའི་མཚོ་སྔོན”བཅས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་དུ་འགྱུར་བར་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།