མཚོ་སྔོན་གྱིས་བྱ་ཐབས་ཁག39བཏོན་ནས་འགྱིག་ཤོག་བཀག་སྡོམ་བྱེད་པར་ནན་ཏན་གྱིས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་འགྱིག་ཤོག་གི་སྦགས་བཙོག་དེ་གོ་ལ་ཧྲིལ་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཁོར་ཡུག་གི་འགག་རྩའི་གནད་དོན་དུ་གྱུར་ཡོད། ཉེ་དུས་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་དུ། རང་རེའི་ཞིང་ཆེན་གྱི་ད་ལོ་དང་སང་ལོའི་འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་བྱ་བའི་གཙོ་གནད་ལ་ཞིབ་འཇུག་བྱས་ཏེ་འབྲེལ་ཡོད་བཀག་སྡོམ་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་པ་དང་། འགྱིག་ཤོག་ཐོན་རྫས་གོ་རིམ་ལྡན་པའི་ངང་ཁྱབ་གདལ་བེད་སྤྱོད་གཏོང་བ། འགྱིག་ཤོག་སྙིགས་རོ་ཚད་ལྡན་སྒོས་ཚུར་བསྡུ་བེད་སྤྱོད་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཐད་ཀྱི་ཞིབ་ཕྲའི་ལས་འགན་ཁག39བཏོན་ནས། རང་རེའི་ཞིང་ཆེན་གྱི་ལོ་འཁོར་མོའི་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་ལས་དོན་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་རྒྱུ་རེད།

བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་འགྱིག་ཤོག་སྦགས་བཙོག་གི་ད་ལྟའི་གནས་ཚུལ་དང་དེ་བཞིན་བཅོས་སྒྲིག་བྱེད་པའི་འགག་རྩའི་ལྷུ་ཚིགས་གཙོ་བོ་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ས་ཁོངས་བཅས་ལ་དམིགས་ནས། ཕྱི་ལོའི“འགྱིག་ཤོག་བཀག་སྡོམ་བྱེད་པའི”དམིགས་ཚད་དང་གཙོ་གནད་ལས་འགན་ཁ་གསལ་བཟོས་ཡོད། དེའི་ནང་འབྲེལ་ཡོད་བཀག་སྡོམ་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད། ཞིང་སྤྱོད་འགྱིག་ཤོག་དང་། ཐེངས་གཅིག་རང་བཞིན་གྱི་གསོལ་ཆས་འགྱིག་ཤོག ཟོག་ཉོའི་འགྱིག་ཤོག་ཁུག་མ། སྦྲག་སྲིད་མྱུར་སྐྱེལ་སོགས་ལས་རིགས་ཀྱིས་ལོ་འཁོར་གྱི་དབྱེ་བ་ཕྱེ་ནས་ཚད་བཀག་མེད་པའི་དམིགས་ཚད་གཏན་འཁེལ་བྱས། ལོ་འཁོར་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་ཁྲིམས་འཛིན་དང་འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་ཆེད་དོན་ཞིབ་བཤེར་ཐད་བཀོད་སྒྲིག་བྱེད་པ། དོ་ཁུར་ཆེན་པོ་བྱེད་པའི་འགྱིག་ཤོག་བཀོལ་སྤྱོད་ཚབ་བྱེད་དངོས་པོའི་ཐད། ལྗང་མདོག་ཐོན་རྫས་ཀྱི་ཕན་ནུས་ལྡན་པའི་མཁོ་སྤྲོད་བྱེད་རྒྱ་གཙོ་བོར་བཟུང་ནས་ཆེ་རུ་གཏོང་བ། ཚོང་རའི་འགྱིག་ཤོག་མཁོ་སྤྲོད་བྱེད་ནུས་དམའ་རུ་གཏོང་བ། ལྗང་མདོག་ཁོར་ཡུག་གི་སྲུང་སྐྱོང་ཐོན་རྫས་ཕྱིར་འཚོང་བྱེད་ཚད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ། མྱུར་སྐྱེལ་ཐུམ་སྒྲིལ་གྱི་གནོད་མེད་ཐོན་རྫས་དཔང་བདེན་ར་སྤྲོད་དོན་འཁྱོལ་བྱེད་པ། གློག་རྡུལ་ཚོང་དོན་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱིས་ལྗང་མདོག་གི་བདེན་དཔང་ར་སྤྲོད་བྱེད་པའི་མྱུར་སྐྱེལ་ཐུམ་སྒྲིལ་ཐོན་རྫས་སྤྱོད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། འགྱིག་སྙིགས་ཚུར་བསྡུ་བེད་སྤྱོད་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འཚོ་བའི་གད་སྙིགས་རིགས་དབྱེའི་དཔེ་སྟོན་གྱི་ཚོད་ལྟའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འགྱིག་ཤོག་གི་བེད་མེད་དངོས་པོ་ཚུར་བསྡུ་ཐུབ་པའི་དངོས་པོ་རིགས་དབྱེ་བསྡུ་རུབ་དང་སྐྱེལ་འདྲེན། ཐག་གཅོད་བྱེད་པར་ཧུར་ཐག་བྱེད་པ། ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། འགྱིག་སྙིགས་ཕྱོགས་བསྡུས་བེད་སྤྱོད་ཁེ་ལས་སྐྱེད་སྲིང་བྱེད་པ་དང་ཆབས་ཅིག་སྤྱི་དམངས་ལ་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོས་ཐོན་རྫས་སྤྱོད་ཚད་ཉུང་དུ་གཏོང་བར་ཁྲིད་སྟོན་བྱས་ཏེ་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་རང་རྟོགས་ངང་ལག་བསྟར་བྱེད་དགོས།

ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་ཐོན་སྐྱེད་འཛད་སྤྱོད་ལྷུ་ཚིགས་ཉུང་གཏོང་གིས་བེད་སྤྱོད་དང་། ཚུར་བསྡུ་བེད་སྤྱོད་ཀྱི་ལྷུ་ཚིགས་བསྐྱར་སྤྱོད་འཁོར་སྐྱོད་ཆེ་རུ་གཏོང་བ། མཇུག་ཏུ་ཐག་གཅོད་བྱེད་པའི་ལྷུ་ཚིགས་ཚང་མ་བདེ་འཇགས་ངང་ཐག་གཅོད་བྱེད་པའི་བཅོས་སྐྱོང་མ་ལག་ཧུར་ཐག་གིས་བཙུགས་ཏེ། རང་རེའི་ཞིང་ཆེན་གྱི་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་པར་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་རེད། །



རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།