མཚོ་སྔོན་གྱིས་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བཟའ་བཅའི་འཚོ་བཅུད་མཛུབ་སྟོན་ལ་ཤུགས་བསྣན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤ་ཁུ། མོག་མོག སུར་པན་ཞོག་ཁོག་དང་ཤ་རྔོས། ཚོད་དཀར་རྔོ་བ། མཐེབ་ཐུག་སོགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཤང་ལྟེ་གནས་བཅའ་སྡོད་སློབ་ཆུང་གི་ཉིན་གཅིག་གི་ཟ་མ་རེད། “སློབ་གྲྭའི་ཟ་ཁང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཟ་མ་བཀོད་སྒྲིག་བྱས་ཏེ། སྡེབ་སྦྱོར་ལུགས་དང་མཐུན་ལ། འཚོ་བཅུད་དོ་མཉམ་ཞིང་ཟས་རིགས་གསར་རྐྱང་ཡིན། ”གངས་ལུང་ཤང་ལྟེ་གནས་བཅའ་སྡོད་སློབ་ཆུང་གི་སློབ་གཙོས་དེ་ལྟར་བཤད། 

ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ནས་སྒྲིག་པའི《མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བཟའ་བཅའི་འཚོ་བཅུད་མཛུབ་སྟོན་ལག་དེབ》དངོས་སུ་པར་སྐྲུན་བྱས།  དེ་ནི་སྔར་ལས་ལྷག་པར་མཚོ་སྔོན་གྱི་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་འཚོ་བཅུད་བདེ་ཐང་སློབ་གསོ་དང་སློབ་གྲྭའི་ཟ་མ་བཀོད་སྒྲིག་བྱ་བ་སྤེལ་བར་མཛུབ་སྟོན་དང། བཟའ་བཅའི་འཚོ་བཅུད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ། རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་ཚན་རིག་དང་མཐུན་པའི་འཚོ་བཅུད་འདུ་ཤེས་དང་བཟའ་བཏུང་གོམས་སྲོལ་གསོ་སྐྱོང་བྱ་ཆེད་རེད། 

འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཤང་ལྟེ་གནས་བཅའ་སྡོད་སློབ་ཆུང་གི་སློབ་མས་ཟ་ཁང་དུ་ཟ་མ་ཟ་བཞིན་པའི་ཚུལ་རེད། 

མཚོ་སྔོན་ནི་མཐོ་སྒང་གི་མི་རིགས་མང་པོའི་འདུས་སྡོད་ས་ཁུལ་ཞིག་ཡིན་ལ། ས་ཁུལ་སོ་སོའི་བཟའ་བཏུང་ལ་ཁྱད་པར་ཆེན་པོ་ཡོད། རོང་འབྲོག་ས་ཁུལ་གྱི་བྱིས་པ་དང་ན་གཞོན་གྱི་བཟའ་བཅའི་འཚོ་བཅུད་ཀྱི་ཤེས་བྱ་ཅུང་ཞན་ཞིང་། བཟའ་བཅའི་གྲུབ་ཆ་ཅུང་སྣ་རྐྱང་ཡིན། སློབ་གྲྭ་ཆུང་འབྲིང་གི་དུས་མཚམས་ནི་སློབ་མ་འཚར་ལུངས་འབྱུང་བའི་གནད་འགག་དུས་མཚམས་ཡིན་པས། བཟའ་བཅའ་དོ་མཉམ་ཡོང་བ་ནི་བདེ་ཐང་ངང་འཚར་ལོངས་འབྱུང་བའི་འགན་ལེན་གལ་ཆེན་ཡིན། 

མཚོ་སྔོན་ཞིང་ཆེན་གྱིས2019ལོའི་ཞིང་གྲོང་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ལྟ་ཞིབ་ས་ཁུལ་གསུམ་གྱི་སློབ་མ་ཤ་རིད་པ་དང་། འཚར་ལོངས་འགྱང་བ། ལྗིད་ཚད་ལྕི་བ་དང་རྒྱགས་པ་བཅས་ཀྱི་ཚད་ཐིག་སོ་སོར12.7%དང3.0% 、5.7% 、2.4%བཅས་རེད། མཚོ་སྔོན་གྱི་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་འཚོ་བཅུད་ཀྱིས་མི་འདང་བ་དང་འཚོ་བཅུད་ལྷག་པའི་གནད་དོན་མཉམ་དུ་གནས། 

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཟམ་མི་ཆད་པར་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བཟའ་བཅའི་འཚོ་བཅུད་མཛུབ་སྟོན་ལ་ཤུགས་བསྣན་ནས། མཐོ་སྒང་ས་ཁུལ་གྱི་བྱིས་པ་དང་ན་གཞོན་གྱི་འཚོ་བཅུད་དང་བདེ་ཐང་གི་ནང་རྐྱེན་དང་འབྲེལ་བར་ཞིབ་འཇུག་འཚོལ་ཞིབ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་འཚོ་བཅུད་བདེ་ཐང་སློབ་གསོ་དང་སློབ་གྲྭའི་ཟས་རིགས་འཕྲོད་བསྟེན་བདེ་འཇགས་སློབ་གྲྭའི་དྲིལ་སྒྲོག་སྒྲོག་འགྲེལ་སོ་སོའི་ནང་དུ་བཅུག་ནས། རང་འགུལ་ངང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བདེ་ཐང་བཟའ་བཅའ་དང་རྒྱུན་མཐོང་གི་འཚོ་བཅུད་མི་འདང་བ་སྔོན་འགོག་ལ་མཛུབ་སྟོན་བྱས་ནས། སློབ་གྲྭའི་འཚོ་བཅུད་ཟ་མ་བཀོད་སྒྲིག་གི་རྩ་དོན་དང་ནང་དོན། བྱེད་ཐབས་སོགས་ཀྱི་ལས་ཕྱོགས་ཚད་གཞི་ཁ་གསལ་བཟོས། 

མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟར་གནས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བསྟན་དོན། སྤྱི་ཚོགས་ཡོངས་ཀྱིས་རོང་འབྲོག་ས་ཁུལ་གྱི་སློབ་མའི་འཚོ་བཅུད་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱེད་པར་འབོད་སྐུལ་བཏང་ཞིང་། རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཚོ་བཅུད་བདེ་ཐང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཆུང་དུས་ནས་བདེ་ཐང་གི་བཟའ་བཏུང་གོམས་སྲོལ་ཆགས་པར་བྱས་ཏེ། ཁོ་ཚོའི་ཚེ་གང་བོའི་བདེ་ཐང་ལ་རྨང་གཞི་བརྟན་པོ་འདིང་དགོས་ཟེར། །


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།