​མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་ཁུལ་གྱི་“རྒྱལ་ཁབ་རིམ་པའི་གསར་སྐྲུན་གཉིས་ཀྱི་དཔེ་སྟོན་རྟེན་གཞི”ཡི་གསར་སྐྲུན་གཉིས་ཀྱི་མནའ་མཐུན་ཐོག་མ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་ཁུལ་གྱི“རྒྱལ་ཁབ་རིམ་པའི་གསར་སྐྲུན་གཉིས་ཀྱི་དཔེ་སྟོན་རྟེན་གཞི”ཡི་གསར་སྐྲུན་གཉིས་ཀྱི་མནའ་མཐུན་ཐོག་མ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་བཙུགས་པ་དང་། དེའི་དམིགས་ཡུལ་ནི། མང་ཚོགས་ཀྱིས་ལས་གཏོད་དང་ཀུན་ཀྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞིས་བཅོས་སྒྱུར་ལ་སྐུལ་འདེད་དང་། ལས་ཞུགས་བརྟན་ལྷིང་། སྒུལ་ནུས་སྟོབས་ལྡན་བྱེད་པར་སྐུལ་ཁྲིད་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ། སྔར་ལས་མང་བའི་ས་ཁོངས་དང་། མཐོ་སློབ། ཁེ་ལས་ཀྱི་གསར་སྐྲུན་ཟུང་གི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱེད་པ། ཧྲག་བསྡུས་དངོས་ཕན་གྱི་ལས་གཏོད་ཕྱོགས་ནས་མང་ཚོགས་ཀྱིས་ལས་གཏོད་དང་ཀུན་ཀྱིས་གསར་གཏོད་བྱེད་པ་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་བ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་ལས་ཤུགས་ཆེན་པོས་བསླངས་ཏེ། མཁར་བྱང་ཁུལ་གྱི་དཔལ་འབྱོར་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་ལེགས་སྒྱུར་དང་ཚན་རྩལ་གསར་གཏོད་ཞབས་ཞུའི་ཐེག་གཟུགས་རིམ་སྤོར་མངོན་འགྱུར་བྱེད་རྒྱུ་རེད། 

སྒོ་འབྱེད་མཛད་སྒོའི་སྟེང་། གཙོ་སྒྲུབ་ཕྱོགས་ཀྱིས་མཚོ་སྔོན་ན་གཞོན་ལས་གཏོད་གླིང་དང་། མཚོ་སྔོན་སྐྱེ་དངོས་ཚན་རྩལ་ཁེ་ལས་ཆུང་འབྲིང་ལས་གཏོད་གླིང་། མཚོ་སྔོན་སློབ་ཆེན་གྱི་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་མནའ་མཐུན་ཚོགས་པ་སོགས་ཁོངས་གཏོགས་ལས་ཁུངས15ལ་སྒོ་བྱང་བསྩལ་ཅིང་། མནའ་མཐུན་ཚོགས་པའི་ལག་བསྟན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིར་མནའ་མཐུན་ཚོགས་པའི་གདན་ཞུ་ཡི་གེ་ཕུལ། མནའ་མཐུན་ཚོགས་པས་རྗེས་ཕྱོགས་འཕེལ་རྒྱས་ཁྲོད་མངའ་ཁུལ་གྱི་འབྲེལ་ཡོད་མ་འཇོག་ལས་ཁུངས་དང་། ཚན་རྩལ་གསར་གཏོད་ཞབས་ཞུའི་ཐེག་གཟུགས། ཚན་རྩལ་ཁེ་ལས། སྤྱི་ཚོགས་ཚོགས་པ་བཅས་རྒྱ་ཁྱབ་ཏུ་མཁར་བྱང་ཁུལ་གསར་གཏོད་ལས་གཏོད་མནའ་མཐུན་ཚོགས་པའི་ནང་དུ་འགུག་རྒྱུར་ལྷུར་ལེན་པ་དང་། མངའ་ཁུལ་གྱི་རྒྱ་ཆེ་བའི་ལས་གཏོད་པ་རྣམས་ལ་ལས་གཏོད་མཛུབ་སྟོན་བྱེད་པ། ལས་གཏོད་ཀྱི་བསམ་བློ་རྒྱུད་འཛིན་པ། ལས་གཏོད་ཀྱི་རླབས་རྒྱུན་གྱི་སྣེ་ཁྲིད་པ། ལས་གཏོད་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་སྒོ་ནས། མཁར་བྱང་ཁུལ་གྱི་གསར་གཏོད་ལས་གཏོད་ལས་དོན་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་རྒྱུར་སྐུལ་མ་གནང་། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།