མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་དང་བདེ་འཇགས་ཀྱི་གནས་བབ་ལེགས་པོ་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་གྱི་གུང་གསེང་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་གཅིག་གྱུར་གྱི་བཀོད་སྒྲིག་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་ཚགས་དང་སྤུས་དག རྩེར་སོན་བཅས་ཀྱི་བྱ་བའི་ཚད་གཞི་དང་བླང་བྱ་གཞིར་བཟུང་། བདེ་འཇགས་འགན་ལེན་དང་བརྟན་བརླིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་དམ་འཛིན་དང་ཏན་ཏིག་བཅས་བྱས་ཏེ། རྒྱལ་སྟོན་སྐབས་ཀྱི་བདེ་འཇགས་འགན་ལེན་དང་བརྟན་བརླིང་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས། ཟླ10པའི་ཚེས7ཉིན་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གནས་བབ་རྒྱུན་མཐུད་བརྟན་བརླིང་དང་། བདེ་འཇགས་གནས་བབ་ལེགས་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་གོ་རིམ་ལྡན་པ། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོ་སོས་སྒྲིག་ལམ་བརྩིས་པ་བཅས་བྱས་ཡོད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་གཏོང་བའི་ཉེས་དོན་དང་བདེ་འཇགས་གྱོད་གཞི། འགྲིམ་འགྲུལ་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་བཅས་མ་བྱུང་བ་རེད།

རྒྱལ་སྟོན་གུང་གསེང་གི་སྐབས་དང་། ཕྱིར་སྐྱོད་མཁན་མང་བ། རླངས་འཁོར་མང་བ་བཅས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་སྐོར་བ་སྐད་ཅིག་རིང་འདུ་འཛོམས་བྱེད་པ་དང་བདེ་འཇགས་ལས་འཛོལ་སྔོན་འགོག་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། མཛེས་ལྗོངས་ཁུལ་དང་ཚོང་ར་སོགས་མི་སྣ་འདུ་འཛོམས་མང་བའི་ས་ཁུལ་གྱི་སྒྲིག་ལམ་གསལ་སྟོན་དང་སྐོར་གཡེང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། དུས་ཆེན་སྐབས་ཀྱི་སྤྱི་པའི་བདེ་འཇགས་ལ་ལས་འཛོལ་ཚབས་ཆེན་མི་ཐོན་པར་འགན་ལེན་བྱས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་བསྣན་པ་དང་། སྤྱི་ཡོངས་མཐུན་སྦྱོར་མཉམ་འགུལ་བྱེད་པ། ལམ་ངོས་དོ་དམ་ཚོད་འཛིན་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྱོན་ཉེན་རྟོག་པ་མི་ཐེངས7700ལྷག་ཙམ་དང་། རླངས་འཁོར1600ལྷག་ཙམ་བཏང་བ། འགྲིམ་འགྲུལ་ཁྲིམས་འཛིན་ས་ཚིགས24བཙུགས་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས6900ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།