མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཞུང་ཡིག་འབྲི་རྩལ་གསོ་སྦྱོང་ཐེངས་བཅུ་གཉིས་པ་དང་རྩིས་འཁོར་བེད་སྤྱོད་རྩལ་ནུས་ཀྱི་འགྲན་སྡུར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཞུང་ཡིག་འབྲི་རྩལ་གསོ་སྦྱོང་ཐེངས་བཅུ་གཉིས་པ་དང་རྩིས་འཕྲུལ་བེད་སྤྱོད་རྩལ་ནུས་ཀྱི་འགྲན་སྡུར་དེ་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་གསོ་སྦྱོང་ལྟེ་གནས་སུ་སྤེལ། ཞིང་ཆེན་ཐད་གཏོགས་ལས་ཁུངས53ནས་ཡོང་བའི་ལས་བྱེད་ལས་བཟོ་པ333འགྲན་སྡུར་ལ་ཞུགས།  

ཐེངས་འདིའི་འགྲན་སྡུར་གྱི་དམིགས་ཡུལ་ནི། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པའི་རྩོམ་རྩལ་དང་ཕྱོགས་བསྡུས་སྤུས་ཀ་མཐོ་འདེགས་བཏང་ནས། ལས་ཁུངས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། 《ཏང་སྲིད་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྲོལ་ཡིག》དང《ཏང་སྲིད་ལས་ཁུངས་ཀྱི་གཞུང་ཡིག་འབྲི་ཐབས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞིར་དམིགས་ནས་བྱེད་སྒོ་སྤེལ་ཞིང་། ནང་དོན་ལ་གཞུང་ཡིག་འབྲི་བ་དང་། གཞུང་ཡིག་གི་རྨང་གཞིའི་ཤེས་བྱ། རྩིས་འཁོར་བེད་སྤྱོད་རྩལ་ནུས། དྲ་རྒྱའི་བདེ་འཇགས་ཀྱི་རྨང་གཞི་ཤེས་བྱ་སོགས་འདུས་ཡོད། དེ་ལས་གཞུང་ཡིག་འབྲི་བའི་འགྲན་སྡུར་ནི་ཡིག་རྒྱུགས་ཀྱི་རྣམ་པས་སྤེལ་བ་དང་། རྩིས་འཁོར་བེད་སྤྱོད་འགྲན་སྡུར་ནི་གློག་ཀླད་སྟེང་རྒྱུགས་ལེན་པའི་རྣམ་པས་སྤེལ། 

འགྲན་སྡུར་ལས་མི་སྒེར་བྱ་དགའ་སྟེར་སྟངས་ལ། བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་མཚོ་སྔོན་ཞིང་ཆེན་ལས་བཟོ་པའི་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོའི་ཚན་ཆུང་ཨུ་ཡོན་ལྷན་ཚོགས་ཀྱིས“ལག་རྩལ་ཨང་དང་པོ”ཡི་མཚན་རྟགས་གནང་བ་དང་། བྱ་དགའ་ཨང་གཉིས་པ་ནས་དྲུག་པ་ཐོབ་མཁན་རྣམས་ལ“འགྲན་ཞུགས་པ་ཕུལ་བྱུང”གི་མཚན་རྟགས་བསྩལ། དེ་མིན། འགྲན་སྡུར་ལས་ཕུལ་བྱུང་རྩ་འཛུགས་པའི་བྱ་དགའ་ཡང་བསྩལ་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།