སྡོད་ཁང་གསར་པར་གནས་སྤར་ནས་འཚོ་བ་གསར་པ་རོལ་བ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་གཏིང་ཟབ་ཏུ་སྤེལ་ཏེ། དམངས་འཚོ་ལ་དོ་ཁུར་དང་ཕན་བདེ་ཇེ་མང་དུ་གཏོང་བ་དེ་སྲིད་གཞུང་བྱ་བའི་ལས་འགན་དང་པོ་རུ་བརྩིས་ཐོག མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་པ། ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གྱི་གནད་དོན་ནས་མགོ་བརྩམས་ཏེ། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐིལ་རྟོལ་རང་བཞིན་གྱི་དམངས་འཚོའི་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་དམངས་ཀྱི་ཆེད་དུ་དོན་བཟང་དང་དངོས་དོན་བསྒྲུབས།

སྔོན་ཆད་ཀྱི་ཁང་པ་ས་ཕག་གིས་ལས་པ་ཡིན་ལ། ད་ལྟ་གཙང་ཞིང་གྲ་དག་པའི་ཐོག་ཁང་ཉིས་བརྩེགས་ཅན་ཡིན་པ་དང་། སྔོན་ཆད་འཐུང་ཆུ་དང་དྲོད་རླངས་སོགས་སྟབས་མི་བདེ་ལ། ད་ལྟ་འཚོ་བའི་སྒྲིག་ཆས་སྣ་ཚོགས་ཆ་ཚང་བར་འཛོམས་ཡོད།

སྡོད་གནས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་གླེང་ཚེ། མགོ་ལོག་ཁུལ་དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་མཁར་རེ་སྡེ་བའི་འབྲོག་དམངས་བློ་རྒྱལ་ལ་མྱོང་ཚོར་ཟབ་མོ་ཡོད་པ་རེད།

བློ་རྒྱལ་གྱིས་བཤད་རྒྱུར། སྔོན་ཆད་བཟའ་མི་གང་བོས་སྒོ་ཟོག་ཉུང་ཙམ་ལ་བརྟེན་ནས་ཁ་གསོ་བཞིན་ཡོད། 2016ལོར། ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་བློ་རྒྱལ་བཟའ་མི་གང་བོ་གླིང་དཀར་གཞིས་ཁུལ་དུ་བཀོད་སྒྲིག་བྱས་ཏེ། ཆེ་ཆུང་ལ་སྨི་གྲུ་བཞི་མ79.5ཡོད་པའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་ཉིས་བརྩེགས་ཅན་ཞིག་ཐོབ་པར་མ་ཟད། ད་དུང་གྱང་ར་དང་། སྒོ་ཆེན། རྡོ་སོལ་ཁང་། ཆུ་གློག དྲོད་རླངས། སྤྱོད་ཁང་བཅས་ཀྱི་སྒྲིག་བཀོད་མ་ལག་ཆ་ཚང་བསྒྲིགས་འདུག“གནས་འདིར་སྤར་རྗེས། ཁྱིམ་མི་སྨན་པར་སྟོན་པ་དང་བྱིས་པ་སློབ་གྲྭར་འགྲིམ་རྒྱུ་ཧ་ཅང་སྟབས་བདེ་ལ། འཚོ་བ་སྔོན་ཆད་དང་བསྡུར་ན་ཤིན་ཏུ་ཇེ་བཟང་ལ་སོང་ཡོད།”བློ་རྒྱལ་ཚང་ལ་བཟའ་མི3ཡོད་ལ། བྱིས་པ་ཁྱིམ་གྱི་ཁ་གཏད་ན་ཡོད་པའི་མི་རིགས་སློབ་འབྲིང་གི་སློབ་ཁུལ་གསར་པར་འགྲིམ་བཞིན་འདུག

གནས་སྤར་ཐུབ་པའི་རྗེས་ནས་གཏན་འཇགས་དང་ཕྱུག་བསྒྱུར་ཐུབ་དགོས། “ད་ལྟ། ངའི་ཆུང་མ་ཡང་རྩྭ་ཐང་བདག་སྐྱོང་པའི་རུ་ཁག་ཏུ་ཞུགས་ཏེ། ལོ་གཅིག་ལ་སྒོར21600ཡི་བརྟན་འཇགས་ཡོང་འབབ་ཡོད་པ་དང་། ངས་རྒྱུན་དུ་སྐབས་འཕྲལ་གྱི་གླ་བརྒྱབ་ན་སྒོར་སྟོང་ཕྲག་འགའ་ལོན་ཐུབ།”བློ་རྒྱལ་གྱིས་དེ་ལྟར་བཤད།

གླིང་དཀར་གཞིས་ཁུལ་ནི་དར་ལག་རྫོང་གི་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆེས་ཆེ་བ་ཡིན་པའི་ཆ་ནས། བསྡོམས་པས་དབུལ་ཕོངས་ཁྱིམ་ཚང695ཡི་མི2558བཀོད་སྒྲིག་བྱས་ཡོད། གཞིས་ཁུལ་ལ་ཆུ་གློག་ལམ་གསུམ་དང་དྲ་བ་དང་བརྡ་སྐྱེལ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་མ་ལག་ཆ་ཚང་བཀོད་སྒྲིག་བྱས་ཡོད་པར་མ་ཟད། སློབ་གྲྭ་དང་འཕྲོད་བསྟེན་ཁང་། གཞིས་ཁུལ་ཞབས་ཞུ་ལྟེ་གནས་བཅས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱང་འཛུགས་སྐྲུན་བྱས་ཏེ། སློབ་གྲྭ་འགྲིམ་པ་དང་སྨན་པར་སྟོན་པ། སྤྱི་ཚོགས་འགན་སྲུང་དང་མང་ཚོགས་ཀྱིས་སེམས་བདེ་བའི་ངང་འཚོ་བ་རོལ་བ་དང་ཐོན་སྐྱེད་བྱེད་པའི“སྟབས་བདེ་གསུམ་དང་སེམས་བདེ་བ་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱས།

གནའ་ནས་བཟུང་། བདེ་འཇགས་ཀྱི་ཁང་པའི་ནང་སྡོད་རྒྱུ་ནི་བློ་རྒྱལ་དང་འདྲ་བའི་འཚོ་བ་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་ཚེ་གང་གི་འབད་འཐབ་དམིགས་འབེན་དང་རེ་བ་རེད།

བཀོད་སྒྲིག་ཁུལ་དུ་སྤར་རྗེས། འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་བ་ཙམ་མ་ཡིན་པར། དེ་བས་ཀྱང་གལ་ཆེ་བ་ནི་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་བ་དེ་རེད།

ད་ལོའི་དབྱར་ཁར། རྨ་ཆེན་རྫོང་ཏཱ་རེ་སྒྲོལ་མ་ཚང་གི་ཉི་ཁྱམས་ཀྱི་མེ་ཏོག་སྣ་ཚོགས་གཅིག་ལ་གཅིག་འགྲན་པ་ལྟར་བཞད་དེ་ཉམས་དགའ་བ་ཞིག་འདུག

“ཁང་པ་བརྒྱབ་པ་འདི་འདྲ་བཟང་སྟབས།བསྡུ་གསོག་ཡག་པོ་ལོས་བྱེད།”ཏཱ་རེ་སྒྲོལ་མས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།

གསར་འགོད་པས་ཏཱ་རེ་སྒྲོལ་མ་ཚང་ནས་མཐོང་བ་འདི་ལྟ་སྟེ། ཁང་པ་དེ་འདྲ་ཆེ་རྒྱུ་མེད་མོད། འོན་ཀྱང་མོས་བསྡུ་གསོག་བྱས་པ་གཙང་ཞིང་གྲ་དག་ཅིང་། དབྱིན་ཚུན60ཅན་གྱི་བརྙན་འཕྲིན་ཆེན་པོ་ཞིག་འགྲུལ་ཁང་དུ་བཞག་ཡོད་པ་དེ་དེ་བས་ཀྱང་མངོན་གསལ་དོད་འདུག

“གནས་སྤོར་སྐབས། ཧ་ལམ་སྒོར་ཁྲི་གཉིས་ཙམ་བཀོལ་ནས་བ་བརྙན་འཕྲིན་དང་ཤིང་རྣལ་མའི་ཅ་ལག་ཉོས་པ་ཡིན།”ཏཱ་རེ་སྒྲོལ་མ་ཁྱིམ་གསར་གྱི་འབོལ་ཁྲིའི་སྟེང་བསྡད་དེ་དགོད་ཞོར་དུ་དེ་ལྟར་བཤད། འགྲོ་སོང་ཆེ་རུང་མོའི་སེམས་པ་ཧ་ཅང་སྤྲོ།

ད་ལོར་ལོ40ལ་སོན་པའི་ཏཱ་རེ་སྒྲོལ་མ་ཚང་ནི་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་ཡུན་སྐྱིད་གཞིས་ཀར་ཡོད་ཅིང་། སྔོན་ཆད། མོ་ཚང་གི་ཁང་པ་རྙིང་ཞིང་གྱང་ར་ཞིག་རལ་དུ་གྱུར་ཡོད་པ་དང་། ཁང་ཀླད་ནས་ཆུ་ཐིགས་འཛག་སྟབས། ཡངས་ཤིང་བདེ་འཇགས་ཅན་གྱི་ཁང་གསར་དུ་སྡོད་རྒྱུ་ནི་ཏཱ་རེ་སྒྲོལ་མའི་སེམས་འདུན་ཆེས་ཆེ་བ་དེ་རེད།

“སྔོན་ཆད། ཕ་མས་སྒོ་ཟོག་ཁ་ཤས་འཚོས་པ་དང་ང་རང་གང་སར་ཞོར་ལས་སུ་སོང་རུང་། ཟླ་གཅིག་གི་རིང་ལ་སྒོར1000ཡང་ལོན་མི་ཐུབ། 2018ལོར། རྫོང་མཁར་གྱི་གཞིས་ཁུལ་དུ་གནས་སྤར་བ་དང་། སྲིད་གཞུང་གིས་ང་ལ་སྤྱི་ཕན་རང་བཞིན་གྱི་གཙང་སྦྲ་བྱེད་མཁན་གྱི་ལས་ཀ་བཀོད་སྒྲིག་བྱས་སྟབས། ཟླ་གཅིག་ལ་ཟླ་ཕོགས་སྒོར2600ལོན་ཐུབ་པར་མ་ཟད། ཁྱིམ་གྱི་སྒོ་མདུན་ནས་ལས་ཞུགས་བྱེད་ཐུབ།”ཏཱ་རེ་སྒྲོལ་མས་མཛུབ་མོ་ནང་ལ་བཀུགས་ནས་རྩིས་རྒྱག་ཞོར་དུ་བཤད། གནས་སྤར་རྗེས་བཟའ་མི་གང་བོའི་ལོ་གཅིག་གི་ཡོང་འབབ་ཧ་ལམ་སྒོར་ཁྲི4ཙམ་ཡོད། དེའི་ནང་དུ་ཟླ་ཕོགས་དང་མ་མཐའི་འགན་སྲུང་གི་དངུལ། རྒན་གསོ་ཉེན་བཅོལ་མ་དངུལ། རྒྱུ་ནོར་ཡོང་སྒོའི་དབུལ་སྐྱོར་ཁེ་སྤོགས་དང་སྐྱེ་ཁམས་ཁ་གསབ་མ་དངུལ་བཅས་འདུས།

ད་ལྟ། ཏཱ་རེ་སྒྲོལ་མ་བཟའ་ཟླ་གཉིས་ལ་གསོག་དངུལ་ཅུང་ཙམ་ཡོད་སྟབས། བོད་ལུག་མཉམ་ལས་ཁང་གི་ནང་དུ་མ་རྐང་བཞག་ཡོད་ཅིང་། དུས་རྒྱུན་ཁོ་ཚོ་རྫོང་མཁར་དུ་ལས་ཚོགས་སུ་འགྲོ་བཞིན་ཡོད་པ་དང་། ལོ་མཇུག་ལ་ད་དུང་མཉམ་ལས་ཁང་གི་ཁེ་སྤོགས་ཀྱང་བགོ་རྒྱུ་ཡོད་པས། བཟའ་མི་གང་བོའི་འཚོ་བ་འཆར་གཞི་ལྡན་པ་དང་རེ་བས་ཁེངས་པ་ཞིག་ཏུ་གྱུར་འདུག

ཏཱ་རེ་སྒྲོལ་མའི་ཕུགས་འདུན་མངོན་འགྱུར་ཐུབ་པ་དེ་ནི། ཏག་ཏག་མགོ་ལོག་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་དོ་ཁུར་བྱེད་པའི་བྱ་བའི་གཙོ་གནད་རེད། མགོ་ལོག་སྡོད་ཁང་འཛུགས་སྐྲུན་མ་ལག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་ཁྱིམ་ཚང་དང་ཉེན་ཁང་དུ་སྡོད་པའི་དབུལ་ཕོངས་ཁྱིམ་ཚང་། འགན་སྲུང་ལྔའི་ཁྱིམ་ཚང་། དབང་བོར་སྐྱོན་ལྕི་མོ་ཕོག་པ་བཅས“མི་སྣ་རིགས་བཞི”ཡི་སྡོད་ཁང་གནད་དོན་ཐག་བཅད་དེ། དངོས་གནས་སྡོད་ཁང་ལེགས་བཅོས་བྱེད་དགོས་པའི་ཞིང་ཁྱིམ་གང་མགྱོགས་ངང་ཁང་གསར་ནང་སྡོད་པ་དང་འཚོ་བ་སྐྱིད་པོར་རོལ་དུ་འཇུག་ཆེད། “མི་སྣ་རིགས་བཞི”ཡི་སྡོད་ཁང་གནད་དོན་དེ་ཞིང་པའི་སྡོད་ཁང་ལེགས་བཅོས་བྱ་བའི“གལ་ཆེན་ནང་གི་འགངས་ཆེན”དུ་བཞག་པ་རེད། “མི་སྣ་རིགས་བཞི”ཡི་གོག་ཧྲུལ་ཁང་རྙིང་བསྡོམས་རྩིས་བྱས་པ་བརྒྱུད། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ཡུལ་དངོས་ནས་ལྟ་སྐུལ་ཞིབ་བཤེར་དང་གསོ་སྦྱོང་བྱེད་པ། ཆེད་ལས་ལག་རྩལ་གྱིས་མཛུབ་སྟོན་བྱེད་པ་དང་།ཉེན་ཁང་བསྒྱུར་བཀོད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་སེམས་ནས་ཁས་ལེན་དང་དང་ལེན་བྱེད་དུ་བཅུག་ཐོག སེམས་གཏིང་ནས་ཕྱུག་བསྒྱུར་གྱི་རེ་བའི་སྒྲོན་མེ་སྦར།

ད་ལྟ། འབྲོག་དམངས་རྣམས་རྫོང་མཁར་དུ་ཐོན་རྗེས་ཕྱུགས་ཟོག་འཚོ་སྐྱོང་བྱེད་མི་དགོས་པར། སྲིད་གཞུང་གིས་རྩོལ་པོ་ཕྱིར་གཏོང་དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་འདོན་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། འབྲོག་དམངས་ལ་ཉེ་ས་ནས་ལས་རྐང་བཀོད་སྒྲིག་བྱས་པ་དང་། རང་བདག་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཡོང་འབབ་ཀྱི་ཐབས་ལམ་རྒྱ་བསྐྱེད། “ཁྱིམ་གསར་དུ་སྤར་རྗེས་རྩལ་ནུས་གསར་པ་སྦྱངས་ཏེ། ལས་ཀ་གསར་པར་གོམས་སུ་འཇུག་རྒྱུ་ཡིན”ཞེས་ཏཱ་རེ་སྒྲོལ་མས་དེ་ལྟར་བཤད།

དེང་ཕྱིན་ཚང་མས་ཡུན་སྐྱིད་གཞིས་ཀ་ཞེས་པའི་མིང་འདི་དང་འདྲ་བར་འཚོ་བ་ཡུན་རིང་བདེ་སྐྱིད་ཡོང་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།