ལིའུ་ཐའོ་ཡིས་མགོ་ལོག་ཁུལ་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ནས29ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་། ནགས་དཔོན་ལམ་ལུགས་བཅས་ཁྱབ་གདལ་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི“རྒྱལ་དོན་ཆེན་མོའི”མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་བཟུང་ནས། རི་སྔོ་ཆུ་དྭངས་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བཟང་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་རིགས་ལྟ་སྐུལ་དོ་དམ་གཟབ་ནན་དུ་གཏོང་བ་དང་། ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་བྱེད་པ། གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་གངས་ལྗོངས་བོད་ཇ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དང་སོན་བཟང་འདེབས་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རོང་འབྲོག་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནགས་དཔོན་ལམ་ལུགས་ཀྱི་ལས་དོན་སོ་སོའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལེ་ལག་ཚང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མང་ཚོགས་ནགས་ཚལ་དང་རྩྭ་ཐང་བདག་སྐྱོང་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་། སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན། །  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།