མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ངོས་འཛིན་བྱ་ཐབས》ལག་བསྟར་བྱ་རྒྱུ་རེད།

ཟླ10པའི་ཚེས15ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་བཟོ་བཅོས་བྱས་པའིམཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ངོས་འཛིན་བྱ་ཐབས (གཤམ་དུ་《བྱ་ཐབས》ཞེས་བསྡུ་རྒྱུ)ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་འཚོགས་ནས། གསར་དུ་བཟོ་བཅོས་བྱས་པའི《བྱ་ཐབས》ཀྱི་ཞིབ་ཕྲའི་སྲིད་ཇུས་ཀྱི་འགྱུར་ལྡོག་སྨྱན་སྦྱོར་བརྒྱུད་དེ་འགྲེལ་བཤད་གཏིང་ཟབ་གནང་། རྒན་པའི་ངལ་རྩོལ་ནུས་མེད་ངོས་འཛིན་བྱེད་པའི་ཐད། དམངས་སྲིད་པུའུ་ཡིས་ལོ60ཡན་གྱི་རྒན་པ་ངལ་རྩོལ་ནུས་མེད་ཀྱི་ཚོགས་སྤྱིར་གཏན་འཁེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིགས་ལྔ་པ(རིགས་ལྔ་པ་ཚུད)ཡན་གྱི་དཀའ་ཁག་ཆེ་བའི་མཐའ་འཁོབ་ས་ཁུལ་གྱི་གནམ་གཤིས་ཀྱི་ཆ་རྐྱེན་དང་། ས་བབ་ལ་སོགས་པའི་རྒྱུ་རྐྱེན་གྱིས་ཚེ་སྲོག་གི་སྤུས་ཀར་ཤུགས་རྐྱེན་ཐེབས་ཚུལ་ལ་བསམ་བློ་བཏང་ནས།བྱ་ཐབས》ནང་“ཞིང་ཆེན་ཡོངས་ཀྱི་རིགས་ལྔ་པ་ཡན(རིགས་ལྔ་པ་ཚུད)གྱི་དཀའ་ཁག་ཆེ་བའི་མཐའ་འཁོབ་ས་ཁུལ་གྱི་ལོ55ཡན་གྱི་རྒན་པ”ངལ་རྩོལ་ནུས་མེད་ཚོགས་སྤྱིར་གཏན་འཁེལ་བྱས་ཡོད་པ་དང་། དཀའ་ཚེགས་ཆེ་བའི་མཐའ་འཁོབ་ས་ཁུལ་ཁྱབ་ཁོངས་ཀྱི་རིགས་ལྔ་པ་དང་དྲུག་པའི་ནང་མེད་པའི་ལོ60ཡན་གྱི་རྒན་པ་སྔར་བཞིན་ངལ་རྩོལ་ནུས་མེད་ཀྱི་ཚོགས་སྤྱིར་གཏན་འཁེལ་བྱས། མཚོ་སྔོན་ཞིང་ཆེན་འདི་ཉིད་ས་བབ་མཐོ་བའི་ས་ཁུལ་གྱི་རྒན་པར་ངལ་རྩོལ་ནུས་པ་མེད་པར་ངོས་འཛིན་གཏན་འཁེལ་བྱས་པའི་ལོ་ཚོད་ཁྱབ་ཁོངས་ནང་སྲིད་ཇུས་ལེགས་སྒྲིག་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཐོག་མར་གྱུར་ཡོད།

《བྱ་ཐབས》ནང་ད་དུང་མིག་དབང་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་ངལ་རྩོལ་ནུས་མེད་ཚོགས་སྤྱིར་གཏན་འཁེལ་བྱས་ཡོད། གཞི་རིམ་དུ་བཀོལ་སྤྱོད་སྟབས་བདེ་ཡོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་། ཁང་བའི་བདག་དབང་། རླངས་འཁོར་བཅས་ཀྱི་རྒྱུ་ནོར་གནས་ཚུལ་སོགས་ཚད་གཞིར་ངོས་འཛིན་བྱེད་པར་གཅིག་གྱུར་གྱིས་གཏན་འཁེལ་བྱས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི《མཚོ་སྔོན་ཞིང་ཆེན་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཞིབ་བཤེར་གཏན་འཁེལ་བྱ་ཐབས》ལྟར་ལག་བསྟར་བྱ་རྒྱུ་རེད། དམངས་སྲིད་པུའུ་ཡིས་ལོ18ལ་སླེབས་པའི་ཚོགས་སྤྱིས་སྔར་བཞིན་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་དང་། ལས་རིགས་ལག་རྩལ་སློབ་གྲྭ་སོགས་འགྲིམས་སྐབས་ལོ་ཚད་ཀྱི་ཚད་གཞིར་བརྒལ་བར་བརྟེན་ནས་འགན་ལེན་ཐོབ་ཐང་མེད་པར་མི་བཟོ་བ་གཏན་འབེབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དེའི་རྨང་གཞིའི་སྟེང་ཚོགས་སྤྱི་འདི་རིགས་ཀྱིས་ཆེད་སྦྱོང་སློབ་གྲྭ་དང་དངོས་གཞི་སོགས་ཀྱི་མཐོ་རིམ་སློབ་གསོ་དཀྱུས་མ་སློབ་མཐར་ཕྱིན་རྗེས་ད་གཟོད་འགན་ལེན་ཐོབ་ཐང་སླར་ཡང་མེད་པར་བཟོ་བར་རྒྱབ་སྐྱོར་བྱས་ཏེ། བྱིས་པའི་ཚོར་འཚོ་བར་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་སྦྱོང་ལ་ཤུགས་རྐྱེན་མི་ཐེབས་པར་འགན་ལེན་བྱས་ཡོད།

དེ་དང་ཆབས་ཅིག་ཏུ《བྱ་ཐབས》ནང“ཡུན་རིང་ནད་གཞི་ཕོག་པ་དང་ལོ་གཅིག་ཡན་ཉལ་སར་ལྷུང་བའི་ཡོང་འབབ་དམའ་བའི་སྡོད་དམངས”ངལ་རྩོལ་ནུས་མེད་ཚོགས་སྤྱིར་གཏན་འཁེལ་བྱས་ཆོག་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་འདྲ་བར་རོགས་སྐྱོབ་གསོ་སྐྱོང་ཐོབ་ཐང་ལོངས་སྤྱོད་བྱས་ཆོག་པ་གཏན་འབེབས་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་“ཁྲིམས་བཀོད་འོས་འགན་མི་ལ་འོས་འགན་སྒྲུབ་ནུས་མེད་པར”ངོས་འཛིན་ཆ་རྐྱེན་འོས་འཚམ་གྱིས་ཇེ་ལྷོད་དུ་བཏང་ཡོད། མིག་སྔར་ཡོངས་ཁྱབ་ཏུ་གནས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁྲོད་ཀྱི“རྒན་པ་དང་དབང་པོ་སྐྱོན་ཅན་གསོ་སྐྱོང་བྱེད་པ”དང་། “དུད་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་པོ་ཡོད་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། “ཁྲིམས་བཀོད་གསོ་སྐྱོང་འོས་འགན་སྒྲུབ་ནུས་མེད་པ”གཏན་འཁེལ་བྱེད་པའི་ཁྱབ་ཁོངས་འོས་འཚམ་གྱིས་ཇེ་ལྷོད་དུ་བཏང་ཡོད། ཐོག་མའི་གཏན་འཁེལ་ཁྱབ་ཁོངས་ཀྱི་རྨང་གཞིའི་སྟེང་རང་ཉིད་ཀྱི་ཡོང་འབབ་དེ་ལོ་སྔོན་མའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་དམའ་བ་ཡོད་པ་མ་ཟད། རྒྱུ་ནོར་དེ་ས་གནས་དེ་གའི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་གྱི་གཏན་འབེབས་དང་མཐུན་པའི་ལོ70ཡན་གྱི་རྒན་པ་དང་། དེ་བཞིན་དབང་པོ་སྐྱོན་ཅན་ཚབས་ཆེན་དང་རིམ་པ་གསུམ་པའི་རིག་སྟོབས་དབང་པོ་སྐྱོན་ཅན། དབང་རྩའི་དབང་པོ་སྐྱོན་ཅན། ཡུན་རིང་ནད་གཞི་ཕོག་པ་དང་ལོ་གཅིག་ལ་ཉལ་སར་ལྷུང་བའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ནི་འོས་འགན་ལག་བསྟར་བྱེད་ནུས་མེད་པའི་ཚོགས་སྤྱིར་གཏན་འཁེལ་བྱས་ཡོད། གོང་གསལ་གྱི་ཚོགས་སྤྱིར་གསོ་སྐྱོང་བྱེད་དགོས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་གཉེན་ཉེ་གྲལ་བཤེར་ཁྱབ་ཁོངས་སུ་ཞུགས་ཆོག་པ་དང་། ཆ་རྐྱེན་དང་མཐུན་པའི་ཚོགས་སྤྱིར་དུས་ཐོག་ཏུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་གསོ་སྐྱོང་ཐོབ་ཐང་སྤྲོད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།