མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་བྱ་བའི་ཡུལ་དངོས་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་བྱ་བའི་ཡུལ་དངོས་གྲོས་ཚོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་འཚོགས་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

དབྱང་ཧྥིན་ཁྲུན་གྱིས་གསུང་བཤད་གནང་སྐབས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་དུ།  རང་རེའི་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ནི་ལྗང་མདོག་དམངས་ཕྱུག་དམངས་ཕན་གྱི་ཐོན་ལས་ཤིག་ཡིན་པས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གཏོད་པ་བཅས་ལ་གལ་འགངས་ཤིན་ཏུ་ཆེ་བའི་བྱེད་ནུས་ལྡན་ཡོད། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། དོན་འཁྱོལ་དང་ཕན་འབྲས་ཐོན་པར་མཐོང་ཆེན་བཅས་བྱས་ཏེ། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་བསྟན།

དབྱང་ཧྥིན་ཁྲུན་གྱིས་གྲོང་གསེབ་ཡུལ་སྐོར་གྱི་ཞན་ཆ་མགྱོགས་མྱུར་སྒོས་གསབ་པ་དང་རྨང་གཞིའི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བགྲོད་ལམ་དང་། རླངས་འཁོར་འཇོག་གནས་ཀྱི་སྒྲིག་བཀོད། གསང་སྤྱོད་ཁང་དང་ཐབ་ཚང་། ཆ་འཕྲིན་འཕྲིན་གཏོང་སོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་དགོས། ས་གནས་ཁག་གི་རང་བྱུང་དང་ལོ་རྒྱུས། རིག་གནས། དམངས་སྲོལ་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཐུན་མིན་ཁྱད་ཆོས་ལྡན་པའི་ཧེ་བག་ཅན་གྱི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་ཁྱབ་སྤེལ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་སྤུས་ལེགས་བཟོ་སྐྲུན་ཁག་ཅིག་གཙོ་གནད་དུ་བཟུང་ནས་འཛུགས་པ། གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་ཀྱི་སྐར་རིམ་དཔྱད་བསྡུར་གཏན་འབེབས་བྱེད་པ། གྲོང་གསེབ་ཡུལ་སྐོར་གྱི་ལས་རྣམ་གསར་པ་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐད་གྲགས་ཆོད་ཚད་དང་། མྱོང་ཚོར། ཕན་འབྲས། རྒྱུན་མཐུད་འཕེལ་རྒྱས་བཅས་ཧུར་ཐག་གིས་ཆེ་རུ་གཏོང་དགོས་པར་བསྟན།

གྲོས་ཚོགས་མ་འཚོག་སྔོན་ཚོགས་ཞུགས་མི་སྣས་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོ་དང་། དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཆུ་འཁོར་གྲོང་རྡལ་ཨན་ཏ་ཆི་ཧ་གྲོང་ཚོ། རྨ་ཆུའི་སྤང་ལྗོངས་སྐྱེ་ཁམས་གླིང་བཅས་སུ་ཡུལ་དངོས་ལྟ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།