མགོ་ལོག་ཁུལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན3བརྡ་ཁྱབ་བཏང་།

རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་། “བྱ་སྤྱོད་བཞི”ཡི་གནད་དོན་ཡོ་བསྲང་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། གོམས་སྲོལ་ངན་པ་གཙང་སེལ་དང་གོམས་སྲོལ་གསར་བ་འཛུགས་པ། སྤྱོད་བཟང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་བཏོད་པ་བཅས་བྱ་ཆེད། ད་ལྟ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན3བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག མགོ་ལོག་ཁུལ་རྨ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་དང་། སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་ཟུར་པ་རིག་གྲགས་ཀྱིས་གཏན་འབེབས་དང་འགལ་ནས་གཞུང་འཁོར་བེད་སྤྱོད་དང་། གཞུང་དངུལ་སྤྱད་ནས་ཡུལ་སྐོར་དུ་ཕྱིན་པའི་གནད་དོན། 2012ལོའི་ཟླ2པར་རིག་གྲགས་ཀྱིས་ནང་འདྲེན་བྱེས་བགྲོད་རླངས་འཁོར་གཅིག་ཉོས་ནས་དུས་ཡུན་རིང་པོར་མི་གཞན་གྱི་མིང་ཐོག་ནས་སྦས་སྐུང་བྱས་ཏེ་བེད་སྤྱོད་བྱས། 2012ལོའི་ཟླ12པར་གསོ་སྦྱོང་གི་གོ་སྐབས་བེད་སྤྱད་ནས་གཞུང་དངུལ་གྱིས་དམངས་དམག(ལས་རོགས)ཉེན་རྟོག་པ་ཡོངས་ཁག་ལྔར་བགོས་ནས་རྒྱལ་ཁབ་ཕྱི་ནང་དུ་ཡུལ་སྐོར་བྱེད་པར་ཕྱིན། 2018ལོའི་ཟླ12པར་རིག་གྲགས་ཀྱིས་རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པ13ཁྲིད་དེ་ཧྲང་ཧའེ་རུ་རྟོག་ཞིབ་བྱེད་སྐབས། རང་དགར་ལམ་ཐིག་བསྒྱུར་ནས་སྒྲིག་འགལ་ངང་ཀུང་ཟི་ག་གེ་མོའི་གདན་ཞུ་དང་ལེན་བྱས་ནས་ཞ་མོན་དང་། སན་ཡ་རུ་ལྗོངས་རྒྱུ་ལ་ཕྱིན། རིག་གྲགས་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་པ་ཡོད། 2021ལོའི་ཟླ8པར་རིག་གྲགས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་དབྱུང་བཏང་བ་དང་། དེའི་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱེད་པར་སྤྲད།

གཉིས། མགོ་ལོག་ཁུལ་རྨ་ཆེན་རྫོང་རྩིས་བཤེར་ཅུའུ་ཡི་ཅུའུ་ཀྲང་ཟུར་པ་ཁྲིན་ཡུང་ཀྲུང་གིས་གཞུང་འཁོར་སྒེར་སྤྱོད་བྱས་པ་དང་། འཛིན་ཤོག་རྫུན་འབྲི་བྱས་ནས་གཞུང་དངུལ་གཡོ་ལེན་དང་། སྒྲིག་འགལ་ཚད་བརྒལ་གྱིས་སྣེ་ལེན་ཞུས་པའི་གནད་དོན། 2017ལོའི་ཟླ1པོ་ནས2019ལོའི་ཟླ9པའི་བར། ཁྲིན་ཡུང་ཀྲུང་གིས་གཞུང་འཁོར་སྒེར་སྤྱོད་དང་སྒྲིག་འགལ་ངང་འགྲོ་སོང་རྩིས་ཞུ་བྱེད་སྐབས་རླངས་འཁོར་གྱི་སྣུམ་སྣོན་གྲོན་དངུལ་བླངས་པ་དང་། དེ་དང་ཆབས་ཅིག་གཞུང་དོན་སྣེ་ལེན་དོ་དམ་གྱི་གཏན་འབེབས་དང་འགལ་ནས། ཚད་བརྒལ་གྱིས་སྣེ་ལེན་བྱས་པ་དང་། སྒྲིག་འགལ་ངང་ཁྱད་ཐོན་ཐོན་རྫས་དང་། ཐ་མག་དང་ཨ་རག ཟ་འཐུང་འགྲོ་གྲོན་སོགས་རྩིས་ཞུ་བྱས་ལ། རླངས་འཁོར་གྱི་སྣུམ་འཛིན་རྫུས་མ་ཉོ་བ་དང་རླངས་འཁོར་གྱི་འགྱིག་འཁོར་བརྗེ་བའི་འཛིན་ཤོག་བླངས་ནས་གཞུང་དངུལ་གཡོ་ལེན་བཅས་བྱས། 2021ལོའི་ཟླ7པར་ཁྲིན་ཡུང་ཀྲུང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་མོ་བསྒྲགས་པའི་ཆད་པ་བཅད་པ་དང་། སྲིད་དོན་གྱི་ཚབས་ཆེ་བའི་ཉེས་དོན་ཐོ་འགོད་བྱེད་པའི་ཆད་པ་བཅད་ནས། སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་།

གསུམ། མགོ་ལོག་ཁུལ་རྨ་ཆེན་རྫོང་ཨུའི་རྒྱུན་ཨུ་དང་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ལྷ་མོ་སྐྱབས་ཀྱིས་གཞུང་འཁོར་སྒེར་སྤྱོད་བྱས་པའི་གནད་དོན། 2016ལོའི་ཟླ1པོ་ནས2018ལོའི་ཟླ10པའི་བར། ལྷ་མོ་སྐྱབས་ཀྱིས་སྔ་རྗེས་སུ་གཞུང་འཁོར་ཐེངས་གསུམ་སྒེར་སྤྱོད་བྱས་ཏེ་ཁྲེང་ཏུའུ་རུ་ནད་གཞིར་བལྟ་བ་དང་། ཕྲུ་གུ་སློབ་གྲྭར་སྐྱེལ་བ་སོགས་དང་། སྡོད་རིན་དང་སྣུམ་རིན། ལམ་རིན་བཅས་འགྲོ་གྲོན་སྒྲིག་འགལ་ངང་རྩིས་ཞུ་བྱས། 2021ལོའི་ཟླ8པར་ལྷ་མོ་སྐྱབས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་མོ་བསྒྲགས་པའི་ཆད་པ་བཅད་པ་དང་། སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།