མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེད་ལས་སློབ་གསོའི་ཚོགས་ཆེན་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེད་ལས་སློབ་གསོའི་ཚོགས་ཆེན་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཀྲའོ་ཡུའེ་ཞྭ་ཡིས་མགོ་འཛིན་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཞུགས། 

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཆེད་ལས་སློབ་གསོ་ནི་སློབ་གསོ་མྱོང་མཁན་གྱིས་མ་འོངས་པར་ལས་རིགས་བདམས་པ་དང་ལས་སྐྲུན། ལས་ཞུགས་ཐད་གྲ་སྒྲིག་བྱེད་པའི་སློབ་གསོ་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གསར་བའི་ཁྲོད། ཆེད་ལས་སློབ་གསོའི་མདུན་ལྗོངས་ཡངས་ཤིང་། མ་འོངས་པར་རེ་བ་ཆེན་པོ་ཡོད་པོ་ཞེས་ནན་གྱིས་བསྟན་པ་དང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཡིད་ཚིམས་པའི་ཆེད་ལས་སློབ་གསོ་སྒྲུབ་པའི་མངགས་བཅོལ་ཟབ་མོ་ཡིན། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཆེད་ལས་སློབ་གསོའི་མ་འོངས་པས་སློབ་གསོ་མྱོང་མཁན་གྱིས་མ་འོངས་པའི་འཚོ་བར་བཅངས་པའི་རེ་སྨོན་ལ་སྣེ་ཁྲིད་བྱེད་དགོས། སློབ་མ་དཀྱིལ་སྙིང་དུ་བྱེད་པ་རྒྱུན་འཁྱོངས་དང་། སློབ་གསོ་མྱོང་མཁན་གྱི་ཁྱོན་ཡོངས་འཕེལ་རྒྱས་ཀྱི་ཆེད་ལས་སློབ་གསོའི་ལྟ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་ཆེད་ལས་སློབ་གསོའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། སྔར་ལས་མང་ཞིང་ལེགས་པ་དང་། བརྡ་འཕྲིན་ཅན་གྱི་རིག་ནུས་དུས་རབས་ལ་འཚམ་པ། ཀུན་སྤྱོད་དང་ལག་རྩལ་ཉིས་འཛོམས་ཀྱི་རིགས་སོ་སོའི་སྤུས་ཚད་མཐོ་བའི་ཆེད་ལས་འཇོན་མི་གསོ་སྐྱོང་བྱས་ཏེ། མཚོ་སྔོན་འཛུགས་སྐྲུན་དང་མཚོ་སྔོན་འཕེལ་རྒྱས་ཐད་འཇོན་མི་དང་རྩལ་ནུས་གཞོགས་འདེགས་མཁོ་འདོན་བྱེད་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། རང་ཞིང་གི་ཆེད་ལས་སློབ་གསོ་གཏན་འཇགས་ངང་སློབ་སྒྲུབ་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཆེད་ལས་སྒྲིག་གཞི་སྡེབ་སྒྲིག་བྱེད་པ། འཇོན་མིའི་གསོ་སྐྱོང་སྤུས་ཚད་མཐོར་འདེགས། སློབ་ཁྲིད་བཅོས་བསྒྱུར་ཚོད་ལྟ་སོགས་ཀྱི་ཐད་ཡར་རྒྱས་ཆེན་པོ་བྱུང་བ་དང་། ཆེད་ལས་སློབ་གསོས་ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་ཞུ་བྱེད་པའི་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་ལས་སློབ་གསོའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་།སློབ་སྒྲུབ་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས། སྤྱོད་ལེགས་མི་སྐྱོང་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་སློབ་གསོའི་འཐབ་ཇུས་གནས་ཚད་ལ་རྐང་བཙུགས་ནས། ནང་སྙིང་ཅན་གྱི་འཕེལ་རྒྱས་ལ་དམིགས་ཏེ། སློབ་གསོའི་མ་ལག་འཐུས་ཚང་དང་སྒྲིག་གཞི་སྒྲིག་སྲོལ་བཅོས་བསྒྱུར། སློབ་སྒྲུབ་ཀྱི་ཁྱད་ཆོས་འབུར་ཐོན། སློབ་ཁྲིད་འགན་སྲུང་ལ་ཤུགས་སྣོན་པ་སོགས་གཙོ་གནད་ལས་འགན་ཤུགས་དྲག་ཏུ་བཏང་སྟེ། ཐོན་སྐྱེད་དང་སློབ་ཁྲིད་མཉམ་འདྲེས་ལ་སྐུལ་འདེད་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། མཁོ་འདོན་མཐུད་སྦྲེལ། དགེ་རྒན་དཔུང་ཁག་མཉམ་སྐྲུན། འཇོན་མི་མཉམ་སྐྱོང་བཅས་བྱས་ནས། མཚོ་སྔོན་འཛུགས་སྐྲུན་ཐད་སྤུས་ཚད་དང་རྩལ་ནུས་མཐོ་བའི་འཇོན་མི་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།