ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས19ནས་ཚེས21ཉིན་བར“ཟླ་མཆོད་དུས་ཆེན”གྱི་གུང་གསེང་སྐབས་སུ། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱིས་བཀོད་སྒྲིག་བླང་བྱ་ནན་ཏན་ཀྱིས་ལག་ལེན་བྱས་པ་དང་། “ཉེན་ཁ་སྔོན་འགོག་དང་མངོན་མེད་རྐྱེན་ངན་སེལ་བ། གྱོད་གཞི་ཇེ་ཉུང་དུ་གཏོང་བ། བདེ་འཇགས་འགན་སྲུང་བྱེད་པ”བཅས་ཀྱི་ཆེད་དོན་བྱ་འགུལ་རྒྱུན་འཁྱོངས་བྱས་ཏེ། ལས་སྒྲུབ་དང་ལེན་ལམ་སྲོལ་ལག་བསྟར་ནན་མོ་བྱས་ཤིང་། འཕྲལ་བསྟུན་ལས་རེས་དང་བཀོད་གཏོང་ཐག་གཅོད། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག  སྤྱི་ཚོགས་སྐོར་ཞིབ་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་པ་བརྒྱུད། ཟླ་མཆོད་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ལམ་སྲོལ་རྒྱུན་མཐུད་བརྟན་བརླིང་ཡིན་པ་རེད། 

བསྡོམས་རྩིས་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་བཀོད་འདོམས་ལྟེ་གནས་ཀྱིས་ཉེས་དོན་རིགས་དང་བདེ་འཇགས་རིགས་ཀྱི་ཉེན་བརྡ་འབྱོར་བའི་གནས་ཚུལ་སོ་སོར་དུས་མཉམ་ལས10.94%དང4.35%མར་ཆག་པ་དང་། ཤུགས་རྐྱེན་ལྡན་པའི་གྱོད་དོན་བྱུང་མེད་པ། འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་དང་དུས་ཡུན་རིང་བ་དང་། ཁྱབ་ཁོངས་ཆེན་པོའི་འགྲིམ་འགྲུལ་འགག་པའི་དོན་རྐྱེན་བྱུང་མེད་པས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཡིན་པ་དང་། མི་རིགས་སོ་སོའི་མང་ཚོགས་རྣམས་བདེ་འཇགས་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་དུས་ཆེན་ལ་རོལ་བ་རེད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།