རང་རྒྱལ་གྱི་རྩྭ་སའི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱིས་རོང་འབྲོག་མང་ཚོགས་ཁྲི1200ལྷག་ལ་ཕན་བཏགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན། གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ཡིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འཚོགས་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ཞིབ་བསྡུར་ཚོགས་འདུའི་ཐོག་ཤེས་པ་ལྟར་ན། 2020ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན། རང་རྒྱལ་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར1701.64རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ཐད་སྤྱད་ཅིང་། རོང་འབྲོག་མང་ཚོགས་ཁྲི1200ལྷག་ལ་ཕན་བཏགས་ཡོད། རྩྭ་སའི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་ལས། རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཏེ་མི་དང་རྩྭ་ཕྱུགས་ཀྱི་འགལ་བ་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད།

ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྩྭ་ཐང་ཞིབ་འཇུག་སུའོ་དང་། ཀྲུང་གོ་རྩྭའི་སློབ་ཚོགས། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཁོར་ཡུག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ཕན་འབྲས་གདེང་འཇོག་སྙན་ཞུའི་ནང་། རྩྭ་སའི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་དེས། རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་རིམ་བཞིན་ཇེ་ལེགས་སུ་བཏང་བ་དང་། འབྲོག་ཁུལ་གྱི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་རིམ་བཞིན་བསྒྱུར་བ་དང་། རོང་འབྲོག་པའི་ཡོང་འབབ་བརྟན་བརླིང་ངང་འཕར་ཏེ། མི་དང་རྩྭ་ཕྱུགས་ཀྱི་འགལ་བ་ཞི་ལྷོད་དུ་ཕྱིན་ཡོད།

ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་རིང་རྒྱལ་ཁབ་ཀྱིས་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་ཕྱུགས་བཀག་ཁ་གསབ་མུའུ་རེར་སྒོར7.5དང་། རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའ་མུའུ་རེར་སྒོར2.5སྤྲོད་པའི་ཚད་གཞི་ལྟར་ཚོད་རྩིས་བརྒྱབ་ན། ལོ་རེར་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར155.6ནས་སྒོར་དུང་ཕྱུར168བར་ཇེ་མང་དུ་སོང་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།