མཚོ་སྔོན་ཞིང་ཆེན་གྱིས་རྒན་རབས་པའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུའི་ལས་དོན་ཉོ་སྒྲུབ་བྱེད་སྟངས་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་སྟོབས་ཤུགས་ནུས་པ་འཐུས་ཚང་། གཞི་ཁྱོན་འོས་འཚམ། ས་ཁོངས་དང་ཁྱབ་རྒྱ་ཆེ་བ། སྡེ་ཁུལ་གྱི་ཁྱིམ་སྡོད་སྒྲིག་གཞི་མཐུན་སྦྱོར། སྨན་བཅོས་ཁམས་གསོ་བཅས་ཟུང་འབྲེལ་གྱིས་རྒན་གསོའི་ཞབས་ཞུའི་མ་ལག་ནང་ཞུགས་པར་ནུས་པ་ལྡན་པའི་སྐུལ་སློང་དང་། རྒན་རབས་པའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཞིང་ཆེན་དམངས་སྲིད་ཐིང་གིས2014ལོའི《སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་དང་རྒན་གསོའི་བྱ་ཐབས་ལག་བསྟར་བྱ་ཐབས》པར་མར་བཟོ་བཅོས་བྱས་ཏེ་འགྲེམ་སྤེལ་བྱས་ཤིང་། གསར་དུ་བཟོ་བཅོས་བྱས་པའིལག་བསྟར་བྱ་ཐབས》2022ལོ་ནས་ཟླ1པོའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

གསར་དུ་བཟོ་བཅོས་བྱས་པའི《ལག་བསྟར་བྱ་ཐབས》ནང་མངོན་གསལ་དོད་པོས་ཞན་ཆ་གསབ་པ་དང་མཁོ་སྤྲོད་ཇེ་ལེགས་སུ་བཏང་ཡོད། ཞབས་ཞུའི་ཁ་གསབ་ལོངས་སྤྱོད་བྱ་ཡུལ་ཁ་གསལ་བཟོ་བ་དང་། གཙོ་གནད་ཞབས་ཞུའི་ཚོགས་སྤྱི་འབུར་ཏུ་བཏོད་པ། ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ། ཞབས་ཞུའི་རྣམ་གྲངས་ཁ་གསལ་བཟོ་བ། མ་དངུལ་གྱི་ཡོང་ཁུངས་ལེགས་སྒྲིག་བྱེད་པ་བཅས་བྱས་ནས་དཀའ་ངལ་ཡོད་པའི་རྒན་རབས་པ་དང་ལོ་ན་མཐོ་བའི་རྒན་རབས་པའི་གཞི་རྩའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་འགན་ལེན་བྱེད་པ་དང་ཆབས་ཅིག  ནུས་པ་ཤོར་བའི་རྒན་རབས་པའི་ཚོགས་སྤྱི་གཙོ་གནད་དུ་བཟུང་ནས་ལྟ་རྟོག་དང་སྲུང་སྐྱོང་བྱེད་པའི་དགོས་མཁོར་གཟིགས་སྐྱོང་བྱས་ཏེ། ས་གནས་ཁག་གི་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལས་དོན་སྤེལ་བར་ཁ་ཕྱོགས་གསལ་པོ་བསྟན་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཁྱིམ་སྡོད་སྡེ་ཁུལ་དང་སྒྲིག་གཞིའི་རྒན་གསོའི་ཞབས་ཞུ་མཁོ་འདོན་ལ་སྔར་བས་ལམ་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

གསར་དུ་བཟོ་བཅོས་བྱས་པའི《ལག་བསྟར་བྱ་ཐབས》ནང་དཔྱད་དཔོག་སྔོན་ལ་འཇོག་པ་དང་གནད་སྨིན་ཞབས་འདེགས་ཞུ་རྒྱུ་འབུར་ཏུ་བཏོད་ཡོད། “རྒན་རབས་པས་རང་མགོ་འཁྱོངས་པའི་ནུས་པའི་དཔྱད་དཔོག་ཞབས་ཞུ”དེ་ཞབས་ཞུའི་ནང་དོན་གྱི་ཁྱབ་ཁོངས་ནང་བཅུག་པ་དང་། དཔྱད་དཔོག་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་རྒན་རབས་པ་དང་ལོ80ཡན་གྱི་རྒན་རབས་པའི་ནུས་པ་ཤོར་བའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། རྒན་རབས་པའི་རང་མགོ་འཁྱོངས་པ་དང་ནུས་པ་ཤོར་བ་ཡང་བ། ནུས་པ་ཤོར་བ་འབྲིང་བ། ནུས་པ་ཤོར་བ་ཚབས་ཆེ་བ་བཅས་ལ་གཞིགས་ནས་ཁོང་ཚོར་ལྟ་སྐྱོང་གི་དགོས་མཁོའི་རིམ་པ་དང་ཞབས་ཞུའི་ནང་དོན་གཏན་འཁེལ་བྱས་ཏེ། ནུས་པ་ཤོར་བའི་རྒན་རབས་པ་རིགས་དབྱེ་ནས་སྲིད་གཞུང་གི་རྒན་གསོའི་ཞབས་ཞུའི་ཁ་གསབ་སྤྲོད་པ་དང་། ཁྱིམ་སྡོད་རྒན་གསོའི་ལྟ་སྐྱོང་ཞབས་ཞུ་དང་རྒན་གསོ་ཁང་དུ་འདུག་པ། བདེ་ཐང་སླར་གསོའི་རོགས་འདེགས་སྒྲིག་ཆས་སྒྲིག་སྦྱོར་དང་བདེ་ཐང་སླར་གསོའི་ཞབས་ཞུ་མཁོ་འདོན། རྒན་གསོའི་སྒྲིག་གཞི་གཉེར་སྐྱོང་ཁ་གསབ་གྲོན་དངུལ་སྤྲོད་པ་སོགས་ལ་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།

གསར་དུ་བཟོ་བཅོས་བྱས་པའི《ལག་བསྟར་བྱ་ཐབས》ནང་ཁ་གསབ་མཐོ་རུ་གཏོང་བ་དང་ལྟ་སྐྱོང་ལ་ཤུགས་སྣོན་དགོས་པ་འབུར་ཏུ་བཏོད་ཡོད། རང་ལོ60དང་དེའི་ཡན་ལ་སླེབས་པའི་དཀའ་ངལ་ཡོད་པའི་རྒན་རབས་པ་དང་། རང་ལོ80དང་དེའི་ཡན་གྱི་སྤྱི་ཚོགས་སྟེང་གི་རྒན་རབས་པར་ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཁ་གསབ་ཚད་གཞི་དང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཁ་གསབ་ཚད་གཞི། རང་ལོ80དང་དེའི་ཡན་གྱི་སྤྱི་ཚོགས་ཀྱི་རྒན་རབས་སྒྲིག་གཞིའི་རྒན་གསོའི་ཁ་གསབ་ཚད་གཞི་དེ་ནུས་པ་ཤོར་བ་ཡང་བ་དང་འབྲིང་བ། ཚབས་ཆེ་བ་བཅས་ཀྱི་རིམ་པར་གཞིགས་ནས་ཐོག་མའི་ཁ་གསབ་ཚད་གཞིའི་རྨང་གཞིའི་སྟེང་སོ་སོར་སྒོར10དང་། སྒོར30། སྒོར60བཅས་ཁ་སྣོན་བྱེད་རྒྱུ་ཡིན་ལ། རང་ལོ60དང་དེའི་ཡན་གྱི་དཀའ་ངལ་ཡོད་པའི་རྒན་རབས་སྒྲིག་གཞིའི་རྒན་གསོའི་ཁ་གསབ་ཚད་གཞི་ཡང་ནུས་པ་ཤོར་བ་ཡང་བ་དང་འབྲིང་བ། ཚབས་ཆེ་བ་བཅས་ཀྱི་རིམ་པར་གཞིགས་ནས་ཐོག་མའི་ཁ་གསབ་ཚད་གཞིའི་རྨང་གཞིའི་སྟེང་སོ་སོར་སྒོར20དང་སྒོར50། སྒོར90བཅས་ཁ་སྣོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།