ཟི་ལིང་གྲོང་ཁྱེར་རྟེན་རྫས་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་། རིག་གནས་ཁང་། མཛེས་རྩལ་ཁང་བཅས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྒོ་ཕྱེས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ9པའི་ཚེས9ཉིན། ཉེ་སྔོན་འཛུགས་སྐྲུན་བྱས་པའི་ཟི་ལིང་གྲོང་ཁྱེར་གྱི་རྟེན་རྫས་བཤམས་མཛོད་ཁང་དང་། དཔེ་མཛོད་ཁང་། རིག་གནས་ཁང་། མཛེས་རྩལ་ཁང་བཅས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དངོས་སུ་སྒོ་ཕྱེས་ནས་ཚོད་ལྟའི་སྒོ་ནས་གཉེར་སྐྱོང་བྱས། 

ཟི་ལིང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དང་། དཔེ་མཛོད་ཁང་། རིག་གནས་ཁང་། མཛེས་རྩལ་ཁང་བཅས་ལམ་ཐིག་གཅིག་ཏུ་སྦྲེལ་ཡོད་ལ། ས་གནས་ནི་ཞའོ་ཆའོ་ཁྲོམ་གཞུང་དང་མིན་ཡོན་ལམ་གྱི་ནུབ་བྱང་ཟུར་དུ་ཡོད། ལོ་གཉིས་ཀྱི་རིང་འཛུགས་སྐྲུན་བྱས་པ་བརྒྱུད"ཁང་བཞི་གཞི་གཅིག་ཅན"འཛུགས་སྐྲུན་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་ནས། གཞི་ཁྱོན་དང་ཕྱིའི་འཛུགས་སྐྲུན་ཆུ་ཚད་ནུབ་བྱང་ས་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། "ཁང་བཞི་གཞི་གཅིག་ཅན"ཏུ་འགྱུར་བར་བྱ་རྒྱུ་ནི་མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པའི་ཇུས་འགོད་བསམ་ཕྱོགས་ཤིག་ཡིན་པས། གྲོང་མིའི་དབར་བར་ཐག་ཉེ་ཤོས་དང་དུས་ཚོད་ཐུང་ཤོས་ནང་རིག་གནས་ཀྱི་དགོས་མཁོ་ཆེ་ཤོས་སྐོང་ཐུབ་པར་སྟབས་བདེ་བསྐྲུན་ཡོད། ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་གིས“དཔེ་ཆ་ཡོད་ཀྱང་ཁང་བ་མེད་པའི”དཀའ་ངལ་སེལ་བ་དང་། ཟི་ལིང་གྲོང་ཁྱེར་མཛེས་རྩལ་ཁང་གིས་རིག་གནས་གསར་གཏོད་ཀྱི་བར་མཐོངས་དང་། བོད་རུམ། སོ་བརྐོས། འཚེམ་དྲུབ་སོགས་སྒྱུ་རྩལ་གྱི་བརྩམས་ཆོས་སྣ་ཚོགས་གསར་ཏུ་བཏོད་དེ། གྲོང་མི་རྣམས་ལ“དཔྱིད་ཀའི་ཁ་བ”རོལ་མྱོང་བྱེད་དུ་འཇུག་པའི་དུས་མཚུངས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་ཡང་མྱོང་བ་བྱེད་དུ་བཅུག ཟི་ལིང་གྲོང་ཁྱེར་རིག་གནས་ཁང(དེ་སྔའི་ཟི་ལིང་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང)དེ་སྔོན་མ་ཟི་ལིང་གྲོང་ཁྱེར་གྱི་ཁྲིན་ཧོན་ལྷ་ཁང་གི་འགྲམ་དུ་ཡོད། ད་ཐེངས“ཁང་པ་གསར་པར་སྤོར་བ”ལས་མཆོད་ཆས་དང་འཁྲབ་ཆས་སོགས་གདོད་མའི་བྲོ་བ་མཚོན་པའི་རྨ་ཙོང་དམངས་སྲོལ་གྱི་ཅ་ལག་རྙིང་པ་ཚང་མ་འགྲེམས་སྟོན་སྒོས་བཤམས་ཡོད་པ་མ་ཟད། ད་དུང་ཨང་ཀིའི་ཉམས་ལེན་ཁང་སོགས་མཉམ་འགུལ་རང་བཞིན་ཧ་ཅང་ཆེ་བའི་འགྲེམས་སྟོན་ཁང་ཇུས་འགོད་བྱས་ཡོད།

ཟི་ལིང་གྲོང་ཁྱེར་རྟེན་རྫས་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། རིག་གནས་ཁང་། མཛེས་རྩལ་ཁང་བཅས་ཁང་བཞིས་སྤྱི་ཚོགས་སྤྱི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རིག་གནས་དགོས་མཁོ་སྐོང་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།