ཚེ་བརྟན་རྡོ་རྗེ་ཡིས་བརྩམས་པའི《ཙོང་ཁ་རྒྱལ་རབས་ཞིབ་འཇུག》གི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། [གསར་འགོད་པ། རིག་འཛིན་ཚེ་རིང་། གསང་བདག་རྒྱལ། རིག་ལྡན་རྒྱ་མཚོ།] ཟླ9པའི་ཚེས11ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཚགས་པར་དང་དུས་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་དང《རྩེར་སྙེག》དུས་དེབ་ཀྱི་གཙོ་སྒྲིག་པ་ཚེ་བརྟན་རྡོ་རྗེ་ཡིས་བརྩམས་པའི《ཙོང་ཁའི་རྒྱལ་རབས་ཞིབ་འཇུག》གི་འགྲེམ་སྤེལ་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་རུ་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ངམ་སྤྱི་ཁྱབ་རྩོམ་སྒྲིག་པ་ཆི་ཀྲིན་ཞན་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཀྲོའུ་རུང་ཉེན། ཀྲུང་གོའི་གེ་སར་ཞིབ་འཇུག་ཁང་གི་མགོ་གཙོའམ་ཞིབ་འཇུག་པ་ནོར་བུ་དབང་ལྡན། གཞན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཞིབ་འཇུག་ལས་ཁུངས་སོ་སོའི་ཆེད་མཁས་པ། སྨྱན་བྱད་ལས་ཁུངས་ལྔ་བཅས་འགྲེམ་སྤེལ་མཛད་སྒོར་ཞུགས་ཡོད། 

7.jpg

8.jpg

《ཙོང་ཁ་རྒྱལ་རབས་ཞིབ་འཇུག》ཅེས་པའི་ཞིབ་འཇུག་ཆེད་དེབ་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ལ། རྩོམ་པ་པོ་ཁོང་གིས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་རྒྱ་བོད་ཡིག་རིགས་གཉིས་གཙོ་བོར་གྱུར་པའི་ཡིག་རིགས་མང་པོ་ལས་རྒྱུ་ཆ་འཚོལ་སྡུད་དང་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད་ནས་ལེགས་འགྲུབ་བྱུང་བའི་རིག་གཞུང་ཞིབ་འཇུག་ཐད་ཀྱི་དཔྱད་འབྲས་གསར་པ་ཞིག་ཡིན། དེབ་འདི་ཁྱོན་བསྡོམས་ས་བཅད་དགུ་ཡིས་གྲུབ་ཅིང་། ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་ཕྱོགས་ཡོངས་དང་ཆ་ཚང་བ། མ་ལག་ལྡན་པའི་སྒོ་ནས་ཞིབ་འཇུག་དང་གསེད་འགྲེལ་བྱས་ཡོད། འགྲེམ་སྤེལ་མཛད་སྒོའི་སྟེང་ཆེད་མཁས་པ་ཚོས་དེབ་གསར་འདི་ཉིད་དང་འབྲེལ་ཏེ་དཔྱད་བརྗོད་སྤེལ་བར་མ་ཟད་གདེང་འཇོག་མཐོན་པོ་གནང་།

6.jpg

3.jpg

1.jpg

ཚེ་བརྟན་རྡོ་རྗེ་ཡིས“《ཙོང་ཁ་རྒྱལ་རབས་ཞིབ་འཇུག》ཅེས་པ་དཔར་དུ་བསྐྲུན་པ་འདིས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཞིབ་འཇུག་གི་སྟོང་ཆ་ཆེན་པོ་ཞིག་སྐོང་ཐུབ་པའི་རེ་བ་ཡོད་ལ། རིག་གཞུང་ཞིབ་འཇུག་གི་སྡེ་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཏེ། མ་འོངས་པར་འདིའི་སྐོར་གྱི་ཞིབ་འཇུག་མི་སྣ་དང་ཞིབ་འཇུག་དཔྱད་འབྲས་མང་པོ་འབྱུང་བའི་རེ་བ་ཡང་ཡོད”ཅེས་ཟེར། 

4.jpg

微信图片_20210913134921.jpg

2.jpg

འགྲེམ་སྤེལ་མཛད་སྒོའི་སྟེང་ཆེད་མཁས་པ་ཚོས་ཚེ་བརྟན་རྡོ་རྗེ་ལགས་ཀྱི《ཙོང་ཁའི་རྒྱལ་རབས་ཞིབ་འཇུག》ཅེས་པར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། མཛད་སྒོ་ལ་དངོས་སུ་སླེབས་མ་ཐུབ་པའི་ཕྱོགས་སོ་སོའི་ཞིབ་འཇུག་མཁས་པ་རྣམས་ཀྱིས་ཀྱང་རྟེན་འབྲེལ་ཤིས་ཚིག་སྤྲིངས་ཏེ་དྲང་པོ་དྲང་བཞག་གིས་བླ་ན་མེད་པའི་གདེང་འཇོག་བྱས་ཡོད། གཤམ་ནས་རྟེན་འབྲེལ་ཤིས་ཚིག་འགའ་དཀྱིས་སུ་དགོད་པར་བྱའོ། ། 


ཚེ་བརྟན་རྡོ་རྗེ་ལ་བསྐུར་བའི་གཏམ།

སྐབས་འདིར་གྲོགས་མཆོག་ཚེ་བརྟན་རྡོ་རྗེས་བརྩམས་པའི《ཙོང་ཁ་རྒྱལ་རབས་ཞིབ་འཇུག》པར་དུ་བསྐྲུན་པ་ཐོས་པས་དགའ་བས་རབ་ཏུ་བཏེགས། ཙོང་ཁ་རྒྱལ་རབས་སྐོར་ནི་ཁོས་ལོ་འཁོར་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ་རྩད་གཅོད་དང་ཞིབ་འཇུག་བྱས་ནས། མཐར་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་མ་དངུལ་དང་བཅས་པའི་མཐུན་རྐྱེན་དང་བསྟུན་ནས་གསར་དུ་ཐོན་པའི་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་རེད།

བོད་མི་རིགས་ཀྱི་ལོ་རྒྱུས་ནི་ཆོས་ལུགས་ལོ་རྒྱུས་ཀྱི་གཞན་དབང་དུ་གྱུར་ཡོད་པས། ཆོས་འབྱུང་དང་བསྟན་འབྱུང་མ་གཏོགས་ཆེད་དུ་བརྩམས་པའི་མི་རིགས་ཀྱི་ལོ་རྒྱུས་ཤིག་དུས་རབས་ཉི་ཤུ་བའི་བར་དུ་བྱུང་མ་མྱོང་། དེའི་རྐྱེན་གྱིས། བཙན་པོའི་རྒྱལ་རབས་འཇིག་ནས་དུས་རབས་གཅིག་དང་ཕྱེད་ཀའི་རྗེས་སུ་མདོ་སྨད་ཙོང་ཁའི་ཡུལ་དུ་ཆགས་པའི་ཙོང་ཁ་རྒྱལ་རབས་དེ་ལ། ཆོས་ལུགས་ཀྱི་དར་རྒྱུན་གསལ་པོ་ཞིག་མ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བོད་ཡིག་གི་ཡིག་ཚང་དུ་ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་གསལ་པོ་ཞིག་བྱུང་མ་ཐུབ། ཙོང་ཁ་རྒྱལ་རབས་ཀྱི་རྒྱལ་ས་ནི་དེང་གི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ལ་བྱས། ཙོང་ཁ་རྒྱལ་རབས་ཚུགས་པ་ནས་བཟུང་མི་རབས་བཞིའི་རིང་ལ་མངའ་བདག་ཁྲི་རབས་དྲུག་བྱུང་ཞིང་། དེ་རེ་རེ་ལ་ངེས་གཏན་གྱི་མངའ་ཁོངས་དང་མངའ་འབངས་གྲུབ་པར་མ་ཟད། མངའ་ཐང་རྒྱ་ཆེན་པོར་དར་ཏེ་སྟོབས་ཀྱི་འབྱོར་བ་དབྱར་མཚོ་བཞིན་རྒྱས་མྱོང་། གོང་སྨོས་ལྟར་བོད་ཡིག་ལོ་རྒྱུས་ཆོས་འབྱུང་དག་ན་དེའི་སྐོར་གྱི་མཚན་ཐོ་ཙམ་ལས་ཞིབ་ཕྲ་ཞིག་མེད་ན་ཡང་། སྟབས་ལེགས་པ་ཞིག་ལ་རྒྱ་ཡིག་གི་ལོ་རྒྱུས་ཡིག་རྙིང་ལ་དེའི་སྐོར་རོབ་ཙམ་གསལ་པས་དེ་་དག་ཙོང་ཁ་རྒྱལ་རབས་ཞིབ་འཇུག་དང་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་བྱེད་ཐུབ་པའི་རྒྱུ་ཆ་གཙོར་བོར་གྱུར།

སྐུ་ཞབས་ཚེ་བརྟན་རྡོ་རྗེས་འབྲེལ་ཡོད་ཀྱི་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་དག་གཙོར་བཟུང་ཐོག བོད་ཡིག་གི་རྣམ་ཐར་རྟོགས་བརྗོད་སོགས་ལས་ཁབ་གསོག་འབུག་གསོག་གི་ཚུལ་གྱིས་ཞིབ་འཇུག་གི་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས། དེབ་འདིའི་ནང་དུ་བཙན་པོ་རྒྱལ་རབས་སིལ་བུར་འཐོར་བའི་རྗེས་ཀྱི་མདོ་སྨད་ལོ་རྒྱུས་དང་། སྒོས་སུ་བོད་ཀྱི་ཚོ་བའི་ལོ་རྒྱུས་ཀྱི་སྐྱ་ཐིག་ཕབ་ཅིང་། ཙོང་ཁ་རྒྱལ་རབས་ཀྱི་ཆགས་འཇིག་ལོ་རྒྱུས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ནས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་བྱས་ཡོད་པ་ཀུན་གྱི་སྤྱན་ལམ་དུ་གསལ།

སྔར་མེད་པའི་ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་བོད་ཡིག་གིས་བརྩམས་པ་ནི་དེབ་འདིའི་གསར་གཏོད་ཆེན་པོ་ཞིག་རེད་སྙམ། ཙོང་ཁ་རྒྱལ་རབས་ནི་བཙན་པོ་རྒྱལ་རབས་འཇིག་རྗེས། ཙོང་ཁའི་ཡུལ་དུ་བཙན་པོའི་གདུང་རྒྱུད་ཕྱི་མས་བསྐྱངས་པའི་བོད་རིགས་གཙོ་བྱས་ཤིང་། མི་རིགས་མང་པོ་གོང་བུ་གཅིག་ཏུ་གྱུར་བའི་རྒྱལ་རབས་ཤིག་རེད། རྒྱལ་རབས་དེ་ཆགས་པ་ནི་དུས་རབས་བཅུ་གཅིག་ནས་བཅུ་གཉིས་བར་ཙོང་ཁ་ཆེ་ཆུང་ས་ཁུལ་གྱི་ལོ་རྒྱུས་དོན་རྐྱེན་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ལོ་རྒྱུས་སྟེང་ཡུལ་ཕྱོགས་འདི་བཙན་པོ་རྒྱལ་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་དང་རིང་དུ་གྱེས་ཡོད་སྟབས། མི་རྣམས་ཀྱིས་ཡུལ་མཐའ་རུ་ངོས་བཟུང་ལ། ལྷག་པར་དུ་ལོ་རྒྱུས་སྨྲ་བས་དོ་སྣང་ཆེར་མ་མཛད་པའི་རྐྱེན་གྱིས་དུས་སྐབས་སོ་སོའི་བོད་ཀྱི་ཆོས་འབྱུང་དེབ་ཐེར་དག་ན་དེའི་སྐོར་ཐོ་རེ་བ་ཙམ་ལས་མི་སྣང་ཞིང་། ད་ལྟའི་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་སྤྱི་ཁོག་ཙམ་ལས་ཞིབ་རྒྱས་འབྲི་ཐུབ་མེད། དེ་བས་བོད་ཡིག་གི་ལམ་ནས་ལོ་རྒྱུས་ཞིབ་འཇུག་གི་སྟོང་ཆ་འདི་བསྐངས་པ་གལ་འགངས་ཤིན་ཏུ་ཆེ་བར་སེམས།

མཐར་ཚེ་བརྟན་རྡོ་རྗེས་བརྗོད་བྱ་གཅིག་གི་སྟེང་དུ་ཡུན་རིང་པོར་བརྩོམ་འགྲུས་ཆེན་པོ་བསྐྱེད་པ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་བྱ་འོས་པ་དང་། དེ་ལྟར་གནང་ནས་མཐར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་ཞུ།

ཞེས་སྟོང་སྐོར་ཚེ་རིང་ཐར་གྱིས༢༠༢༡ལོའི་ཟླ༩པའི་ཚེས་པ༧ལ།

ཚེ་བརྟན་རྡོ་རྗེ་ལ་བསྐུར་བའི་ཤིས་ཚིག་མེ་ཏོག་ཚོམ་བུ་ཞེས་བྱ་བ།


ཙོང་ཁ་ཞེས་གྲགས་མདོ་སྨད་སའི་སྙིང་པོར།།

དབང་མཛད་རྒྱལ་པོའི་རབས་དང་མངའ་ཁོངས་སོགས།།

སྔོན་བྱོན་མཁས་པའི་གསུང་དུ་ཉུང་བས་ན།།

ཕྱི་རབས་པ་ཡིས་ལོ་རྒྱུས་གང་དུ་འཚོལ།།

འོན་ཀྱང་ཤེས་བརྩོན་གཉིས་ལྡན་ཞིབ་འཇུག་པ།།

གཞོན་སྐྱེས་དར་མ་ཚེ་བརྟན་རྡོ་རྗེ་ཡིས།།

ལོ་མང་ཡིག་ཚང་ཀློག་བསྒྱུར་གཙོར་བཟུང་ཐོག།

ཡུལ་དངོས་བརྟག་དཔྱད་དཀའ་སྤྱད་མང་དུ་བསྟེན།།

དེ་ལྟའི་དཔྱད་བློས་ཙོང་ཁའི་རྒྱལ་རབས་ཀྱི།།

ལོ་རྒྱུས་འབྲི་འོ་ཡང་ཡང་བསྲུབས་པ་ལས།།

ལེགས་པོར་ཐོན་པའི་མར་ལོའི་དེབ་གསར་འདི།།

དཔྱོད་ལྡན་སྐྱེས་བུས་མི་བསྔགས་ཡོད་སྲིད་དམ།།

ཆེད་རྩོམ་གྲུབ་པའི་པར་སྐྲུན་འགྲེམས་སྤེལ་ལ།།

ཁོ་བོ་བཅར་འདོད་དུས་འདོམ་དབང་གིས་ནི།།

བཀྲ་ཤིས་སྨོན་འདུན་ཞུ་དང་ཡི་རང་བའི།།

ཚིག་གི་མེ་ཏོག་རྒྱལ་མོ་འབྲུག་པས་ཕུལ།། 

ཞེས་སྤྱི་ལོ་༢༠༢༡ལོའི་ཟླ་༩པའི་ཚེས་༨ལ་རྒྱལ་མོ་འབྲུག་པར་འབོད་པས་སྤོས་ངད་ལྡིང་བའི་གྲོང་ཁྱེར་ནས་ཤར་མར་བྲིས་སོ།།


《ཙོང་ཁ་རྒྱལ་རབས་ཞིབ་འཇུག》འཕྲུལ་པར་ལ་བཏབ་པར་ཕུལ་བའི་རྟེན་འབྲེལ་ཞུ་ཡིག

《ཙོང་ཁ་རྒྱལ་རབས་ཞིབ་འཇུག》འཕྲུལ་པར་ལ་བཏབ་པར་རྟེན་འབྲེལ་ཞུ།

《ཙོང་ཁ་རྒྱལ་རབས་ཞིབ་འཇུག》གི་རྩོམ་པ་པོ་སྟེ་སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རིག་གཞུང་ཞིབ་འཇུག་པའི་སྡེ་ལ་ལྟ་བ་གསར་ཞིང་སྒྲུབ་བྱེད་བཙན་པའི་དེབ་མཆོག་འདི་འདྲ་ཕུལ་བར་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ།

 སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས་ནི་གྲོགས་ལ་ཕྱི་ཐག་རིང་བ་མ་ཟད། རིག་གཞུང་ཞིབ་འཇུག་གི་ཁ་ཕྱོགས་ལའང་ཕྱི་ཐག་ཤིན་ཏུ་རིང་སྟེ། ཅི་ཡིན་ཞེ་ན། སྤྱི་ལོ1998ལོར་ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་ས་བོན་བྱས་ཏེ《ཙོང་ཁ་རྒྱལ་པོ》ཞེས་པའི་ལོ་རྒྱུས་སྒྲུང་གཏམ་གསར་རྩོམ་བྱས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་གཉེར་སྐབས《ཙོང་ཁ་རྒྱལ་རབས་ཆགས་འཇིག་གི་རྒྱུ་རྐྱེན་ཞིབ་འཇུག》ཞེས་པའི་རྒྱ་ཡིག་གི་དཔྱད་རྩོམ་བྲིས་ཏེ་དམ་བཅའ་བཞག་པ་དང་། 《ཀྲུང་གོའི་བོད་རིག་པ》གཙོ་བྱས་པའི་རིག་གཞུང་དུས་དེབ་མང་པོའི་ངོས་ལ་ཙོང་ཁ་རྒྱལ་རབས་སྐོར་གྱི་དཔྱད་རྩོམ་མང་པོ་སྤེལ། ལྷག་པར《ཙོང་ཁ་རྒྱལ་རབས་ཞིབ་འཇུག》ཅེས་པ་ནི2005ལོར་རྩོམ་མཇུག་རྫོགས་ཀྱང་། རིག་གཞུང་གི་རིན་ཐང་ཁོ་ནར་དམིགས་ཏེ།   ལོ་ངོ་བཅུ་ལྷག་གི་རིང་ལ་མུ་ནས་མུ་མཐུད་དེ་བཟོ་བཅོས་དང་ཞུ་དག་བྱས་པར་བརྗོད་ལ། གང་ལྟར་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གང་གི་སྐབས་སུའང་ཙོང་ཁ་རྒྱལ་པོ་མ་སྤངས་པ་ནི་སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས་རིག་གཞུང་ཞིབ་འཇུག་གི་ཁ་ཕྱོགས་ལ་ཕྱི་ཐག་རིང་བའི་རྟགས་མཚན་གཙོ་བོ་དང་། རིག་གཞུང་ཞིབ་འཇུག་ལ་གྲུབ་འབྲས་སྨིན་པའི་རྒྱུ་མཚན་གཙོ་བོ་ཡིན་པར་འདོད་པས། སྐུ་ཞབས་ལགས་ལ་རྗེས་སུ་ཡི་རང་དང་རྟེན་འབྲེལ་ལན་བརྒྱར་ཞུ་ཞུ།

ཞེས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། བོད་ཀྱི་དེང་རབས་རྩོམ་རིག་ཁ་ཕྱོགས་ཀྱི་འབུམ་རམས་པའི་སློབ་སྟོན་དགེ་རྒན་བཀྲ་བྷ་ནས་གུས་པས་ཕུལ་བ་དགེ་གྱུར་ཅིག


གཡང་མོ་མཚོའི་ཤིས་ཚིག

དེ་ཡང་དབུས་གཙང་གི་གནས་ཚུལ་གཙོར་བྱེད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་གཉའ་ཁྲི་བཙན་པོ་ནས་བརྒྱུད་པའི་སྤུ་རྒྱལ་བཙན་པོའི་གདུང་རབས་ཕྱི་མ་ཁྲི་ལྡེ་དང་མདོ་སྨད་ཙོང་ཁ་རྒྱལ་རབས་སྐོར་ལ་སྟོད་ན་རྒྱལ་ཁྲིམས་ཞྭ་ཙམ་ཆགས།  སྨད་ན་རྒྱལ་ཁྲིམས་ལྷམ་ཙམ་ལུས་ཞེས་པ་ལྟ་བུའི་ཚིག་ཟུར་ཙམ་ལས་བྱུང་མེད་པས། ཁྲི་ལྡེའི་གདུང་རྒྱུད་དང་ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་གསལ་བར་བྱེད་རྒྱུ་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ལས་འགན་གཞོལ་དུ་མེད་པ་ཞིག་རེད། སྟོད་ཀྱི་མངའ་རིས་གུ་གེ་རྒྱལ་རབས། སྨད་ཀྱི་སུང་དང་མི་ཉག་རྒྱལ་རབས་དང་དུས་མཉམ་པའི་ཙོང་ཁ་རྒྱལ་རབས་ནི་ལམ་ལུགས་གསར་བརྗེ་དང་རིག་གནས་ནང་འདྲེན། ཉམས་མྱོང་བརྗེ་རེས་བྱེད་པར་སྤྲོ་བའི་དུས་སྐབས་ཤིག་ལ་འཁེལ་ཡོད་པས། ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་ནི་ཙོང་ཁ་རྒྱལ་རབས་ཁོ་ནའི་ལོ་རྒྱུས་མ་ཡིན་ཏེ། དེར་ཉེ་འཁོར་གྱི་མི་རིགས་གཞན་དང་ཡུལ་གྲུ་གཞན་གྱི་ལོ་རྒྱུས་གཅིག་ཏུ་འདྲེས་པས་རིག་གཞུང་གི་རིན་ཐང་འབུར་དུ་ཐོན། ཞིབ་འཇུག་གི་དོན་སྙིང་ལྷག་ཏུ་ཆེ། དགེ་རྒན་ཆེན་མོ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལོ་མང་རིང་ལ་དཀའ་བ་ཁྱད་དུ་བསད་ནས་ཡིག་རྙིང་གི་གུང་ལེགས་པར་བསྒྲིགས། གཞུང་ལུགས་ཀྱི་རྨང་བརྟན་པོ་བཏིང་། ཐབས་ལམ་གྱི་མཐོངས་ཡངས་པོར་ཕྱེས་ནས་མདོ་སྨད་ཙོང་ཁ་རྒྱལ་རབས་ཀྱི་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་སྤྱིའི་འཕེལ་འགྲིབ་དང་། སྒོས་སུ་རྒྱལ་རབས་ཀྱི་ནང་གི་སྒྲིག་གཞི་ལམ་ལུགས་དང་ཕྱིའི་འབྲེལ་ལམ་སྲིད་ཇུས་སོགས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་གཏིང་ཟབ་འཐུས་ཚང་མཛད་དེ།  དངོས་སུ་ཆེད་དེབ་དུ་འགྲུབ་ཡོད་པ་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཁ་སྐོང་དང་བོད་རིག་པ་ཞིབ་འཇུག་གི་ཁ་སྐོང་ཡིན། དེ་རིང་མངའ་བདག་ཁྲི་ལྡེའི་ཕ་ས་གནས་གཞི། ཙོང་ཁ་རྒྱལ་རབས་ཀྱི་རྩ་བའི་ལྟེ་གནས་གནའ་མཁར་ཟི་ལིང་ནས《ཙོང་ཁ་རྒྱལ་རབས་ཞིབ་འཇུག》ལེགས་པར་འཁྲུངས་པ་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྐབས་འདིར། ཕྲན་གུས་མོས་བོད་རིག་པའི་ཁ་ཚ་དགོས་གཏུགས་ཀྱི་ཁ་སྐོང་འདི་སྐོངས་མཁན་དགེ་རྒན་ཚེ་བརྟན་རྡོ་རྗེ་ལགས་ལ་ལྷག་བསམ་ཟོལ་མེད་ཀྱི་བཀའ་དྲིན་དང་དགའ་བ་འབུམ་གྱི་རྟེན་འབྲེལ་ཆབས་ཅིག་ཏུ་ཞུ་བ་ཡིན།

རྒན་ཁྱེད་ཀྱི་སྐུ་ཚེ་རིང་། བསམ་དོན་འགྲུབ།《ཙོང་ཁ་རྒྱལ་རབས་ཞིབ་འཇུག》གི་འཕྲིན་ལས་རྒྱས། རླུང་རྟ་དར་བར་ཤོག

ཅེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་མིང་འཛིན་པ་གཡང་མོ་མཚོས།
2021ལོའི་ཟླ9བའི་ཚེས11ཉིན་ལ་གུས་ཕུལ།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།