ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་ཤར་གྲོང་ཁྱེར་དུ་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་བཅས་པ་མཚོ་ཤར་གྲོང་ཁྱེར་གྱི་ལི་ཏུའུ་ཆུས་སུ་ཕེབས་ཏེ། ཙོང་ཆུ་བཅོས་སྐྱོང་དང་། ཆུ་དཔོན་ལམ་ལུགས་ལས་དོན། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། གསོན་ཤུགས་ལྡན་པའི་ལས་སྒྲུབ་ལས་གཏོད་བཅས་བྱས་ཏེ། མཚོ་ཤར་འཆར་འགོད་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་གྱིས་བསྟན། 

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་གྲོང་ཁྱེར་འཆར་འགོད་འགྲེམས་སྟོན་ཁང་དུ་ཕེབས་ནས་འབྲེལ་ཡོད་འགྲེམས་ཁང་ལ་གཟིགས་པ་དང་། གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་ལྟེ་བའི་གྲོང་ཁུལ་འཆར་འགོད་སོགས་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་ཀྱི་ངོ་སྤྲོད་ལ་གསན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ཤར་གྱི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅངས་ཡོད། འཆར་འགོད་མཐར་ཕྱིན་པ་བྱས་ཏེ། མཚོ་ཤར་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ངེས་གནས་དང་། ཁ་ཕྱོགས། གྲངས་ཚད། བཟོ་དབྱིབས། རྣམ་པ་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། ངེས་གནས་འཕྱུགས་མེད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“ས་ཆ་བཞིའི”བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་ནན་གྱིས་བསྟན་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བཀོད་སྒྲིག་གལ་ཆེན་དང་། རྨ་ཙོང་གི་བུ་བུ་མོས་འབད་འབུངས་ཧུར་བརྩོན་གྱི་མཚོ་ཤར་སྙིང་སྟོབས་དར་སྤེལ་གཏོང་བའི་ལག་ལེན་ཁྲོད་ངེས་གནས་ཡང་དག་འཚོལ་བ་དང་བྱ་སྤྱོད་ཏན་ཏིག་མཚོན་དགོས། ཚན་རིག་དང་མཐུན་པའི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ས་ཚིགས་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་གསེད་བཀྲོལ་གཏོང་ལེན་ལ་རྐང་ཚུགས་ཏེ། ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་བ། ལེགས་ཆ་དར་སྤེལ་བཅས་ཀྱི་ཁྲོད་བཀོད་སྒྲིག་བྱེད་པ་དང་། གནས་གཡོལ་འཕེལ་རྒྱས་བཏང་ནས་མགྱོགས་མྱུར་ངང་གོང་འཕེལ་འགྲོ་དགོས། དངོས་སྒྲུབ་ཀྱི་གྲངས་ཚད་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་གྱི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩིས་ཐོ་ཡག་པོར་བརྩི་བ། གྲོང་ཁྱེར་གྱི་ས་ཁོངས་དང་། གྲོང་གསེབ་ཀྱི་ས་ཁོངས། སྣོད་བཅུད་ས་ཁོངས་བཅས་དབྱེ་བ་ཡག་པོ་འབྱེད་པ་བཅས་བྱས་ཏེ། ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ལུགས་མཐུན་གྱི་བཟོ་དབྱིབས་གཏན་ཁེལ་བྱས་ཏེ། འཕེལ་རྒྱས་ཀྱི་མིག་རྒྱང་ལ་བརྟེན་ནས་གྲོང་ཁྱེར་གྱི་ཤོང་ཚད་ལ་ཚོད་རྩིས་དང་། གྲོང་ཁྱེར་གྱི་བར་སྟོང་ཡག་པོར་བཟོ་བ། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་གྱི་ཕྱིའི་རྨང་གཞིའི་འཛུགས་སྐྲུན་དང་། ནང་གི་རྨང་གཞིའི་འཛུགས་སྐྲུན་བར་གྱི་འབྲེལབ་ཐག་གཅོད་ཡག་པོ་བྱས་ནས། གྲོང་ཁྱེར་གྱི་ཕྱི་ཚུལ་དང་ནང་སྙིང་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། རྣམ་པ་མཐོར་འདེགས་བྱས་ཏེ། གྲོང་ཁྱེར་གྱི་ལོ་རྒྱུས་རྒྱུད་འཛིན་དང་། གྲོང་ཁྱེར་གྱི་རིག་གནས་རྒྱུན་སྲིང་། གྲོང་ཁྱེར་གྱི་དཔལ་ཡོན་དར་སྤེལ། གྲོང་ཁྱེར་གྱི་ཉམས་འགྱུར་མངོན་པ། གྲོང་ཁྱེར་གྱི་མིང་བྱང་གཏོད་པ་བཅས་བྱས་ནས། དུས་རབས་གསར་པའི་མཚོ་ཤར་གྱི་གཟུགས་བརྙན་གསར་པ་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན། 

བརྟག་ཞིབ་གནང་རིང་། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་དོགས་ཟོན་སོགས་ཀྱི་བྱ་བར་ནན་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན། 

ཡུས་ཚུང་ལེ་བརྟག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།