ལན་ཀྲོའུ་དང་ཟི་ལིང་གཉིས་ཀྱིས་སྨན་བཅོས་འགན་སྲུང་ཕན་ཚུན་ཁས་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གཉིས་ཀྱི་སྨན་བཅོས་འགན་བཅོལ་ཕན་ཚུན་ཁས་ལེན་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ལན་ཀྲོའུ་སྨན་བཅོས་འགན་སྲུང་ཅུའུ་རུ་འཚོགས། དེས་ས་གནས་གཉིས་ཀྱི་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས་པ་མཚོན་པ་དང་། ས་གནས་གཉིས་ཀྱི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། 

ས་གནས་གཉིས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་དུས་མགོར་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད། མཉམ་ལས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གྲུབ་སྟེ། ཐུན་མོང་ཐོག《ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྨན་བཅོས་འགན་སྲུང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས། གྲོས་མཐུན》དེའི་དམིགས་ཚད་ཁ་གསལ་དང་། བྱེད་ཐབས་སྣ་མང་། ནང་དོན་ཁྱོན་ཡོངས། དུས་ཚད་ཚན་རིག་དང་མཐུན་པ་བཅས་བྱས་ནས། སླད་ཕྱིན་ས་ཁུལ་གཉིས་ཀྱི་སྨན་བཅོས་འགན་སྲུང་མཉམ་ལས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེ་དང་ཆབས་ཅིག སྨན་བཅོས་བྱང་བུ་སྤྱད་དེ་སྨན་རྫས་ཉོ་བ་དང་། སྨན་བཅོས་འགན་སྲུང་སྤོ་སྒྱུར་འབྲེལ་མཐུད། ས་ཆ་གཞན་དུ་ཐོ་འགོད་བསྡོམས་རྩིས་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་སྤེལ་ཏེ། སྒྲུབ་གཉེར་བརྒྱུད་རིམ་སྟབས་བདེ་དང་། ལས་དོན་སྒྲུབ་པའི་དུས་བཅད་ཇེ་ཐུང་དུ་བཏང་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།