མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྤུས་འདེགས་ནུས་སྤེལ་ལོ་གསུམ་འགུལ་སྐྱོད་ཀྱི་ལྟ་སྦྱོང་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྤུས་འདེགས་ནུས་སྤེལ་ལོ་གསུམ་འགུལ་སྐྱོད་ཀྱི་ལྟ་སྦྱོང་སྤྱི་སྡོམ་གྲོས་ཚོགས་ཟླ་དགུ་བའི་ཚེས་བཅུ་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྲོས་ཚོགས་ཞུགས།ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གྱིས་ཆེད་དོན་སྙན་ཞུ་ཕུལ་བ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཞུགས་མི་སྣ་ཚན་ཆུང་བགོས་ནས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཨུ་ཡོན་ས་ཚུགས་དང་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་སན་ཧི་གྲོང་རྡལ་གྱི་སྲིད་གྲོས་བྱ་བའི་འབྲེལ་འདྲིས་ཚན་ཆུང་དུ་སོང་ནས། ཨུ་ཡོན་འགན་སྒྲུབ་སྟེགས་བུ་འཛུགས་པ་དང་གཞི་རིམ་སྲིད་གྲོས་གྲོས་མོལ་བྱ་བ་སྤེལ་བའི་གནས་ཚུལ་ལ་ལྟ་སྦྱོང་སློབ་སྦྱོང་བྱས། འཐུས་མི་བརྒྱད་ཀྱིས་སོ་སོར་ཉམས་ཞན་ས་གཉིས་ཀྱི་གནད་དོན་ཐག་གཅོད་པ་དང་སྲིད་གྲོས་ཀྱི་འགན་སྒྲུབ་ཚོང་རྟགས་འཛུགས་པ། ལམ་ལུགས་འཛུགས་སྐྲུན་དང་འགན་སྒྲུབ་འགན་སྲུང་ལ་ཤུགས་སྣོན་པ་སོགས་ཕྱོགས་ནས་བརྗེ་རེས་གཏམ་བཤད་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་སྤུས་འདེགས་ནུས་སྤེལ་ལོ་གསུམ་འགུལ་སྐྱོད་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས། ལོ་གསུམ་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་སྲིད་གྲོས་བྱ་བའི་ཐད་ཀྱི་བླང་བྱ་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་འགོ་ཁྲིད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། དཀྱིལ་སྙིང་བྱ་བར་དམ་དུ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ་མ་ཟད། རང་སྟེང་འཛུགས་སྐྲུན་དང་གཞི་རིམ་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན་ནས། རང་ཞིང་གི་སྲིད་གྲོས་ལས་ཁུངས་ཀྱི་བྱ་བ་སྣ་ཚོགས་རྒྱུན་མི་ཆད་པར་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་།

གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས། རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་བྱེད་པ་དང་། ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལག་བསྟར་སྔར་ལས་བཟང་བོ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོར་བཟུང་ནས། སྲིད་གྲོས་ཏང་འཛུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཀྱི་གྲུབ་འབྲས་ཇེ་དྲག་ཏུ་གཏོང་ན། སྲིད་གྲོས་རྩ་འཛུགས་ཀྱིས་སྲིད་གྲོས་ཨུ་ཡོན་ལ་འབྲེལ་འདྲིས་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་ལས་རིགས་སོ་སོའི་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་དྲིལ་སྒྲོག་སློབ་གསོ་དང་མཐུན་སྒྲིལ་སྣེ་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་རྩོལ་ནུས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་གཅིག་ཏུ་བསྡུ་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་ལག་བསྟར་བྱེད་པ་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། ས་གནས་བཞི་འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། རྒྱུན་མཐུད་ངང་གཞུང་ལུགས་སློབ་སྦྱོང་དང་ཨུ་ཡོན་དཔེ་ཀློག་བྱ་འགུལ། བརྗོད་དོན་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། དཔུང་སྡེ་གཉིས་ཀྱི་ནུས་པ་བྱང་ཚད་དང་འགན་སྒྲུབ་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། མིག་སྔར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ་བཅས་རིམ་པ་གཉིས་ཀྱི་སྲིད་གྲོས་ཀྱིས་སྐབས་བརྗེ་ཡོངས་འགྲུབ་བྱས། ཞིང་ཆེན་སྲིད་གྲོས་ཀྱིས་གཞི་རིམ་སྲིད་གྲོས་ཀྱི་བྱ་བའི་མཛུབ་སྟོན་ལ་སྔར་ལས་ཤུགས་སྣོན་པ་དང་། སྐབས་གསར་བའི་གཞི་རིམ་སྲིད་གྲོས་ཀྱིས་གཞུང་ལུགས་སློབ་སྦྱོང་དང་ཨུ་ཡོན་གསོ་སྦྱོང་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། འགོ་རྩོམ་པའི་བྱ་བ་བཟང་བོར་བསྒྲུབ་དགོས། ཉམས་ཞན་གཉིས་ཀྱི་གནད་དོན་ཐག་གཅོད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པའི་རྨང་གཞིའི་སྟེང་། རང་འགུལ་གྱི་འབད་འཐབ་བྱེད་པ་དང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཧུར་ཐག་གིས་བྱ་དོན་ཐོག་ཏུ་འཁྱོལ་བའི་ཐད་་གྲུབ་འབྲས་སྔར་ལས་མང་པོ་བླངས་ནས། གཞི་རིམ་སྲིད་གྲོས་ཀྱིས་འགན་སྒྲུབ་བྱེད་པའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།