མཚོ་སྔོན་ཞིང་ཆེན་ཏང་ཨུས་བོད་འབྲེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས9ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བོད་འབྲེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ནི་ཡུན་རིང་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུན་འཁྱོངས་བྱེད་དགོས་པ་བཅུ་གཉིས་ཀྱི་དོན་སྙིང་རྒྱུས་ལོན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་པ་གཙོ་ཐིག་ཏུ་བྱས་ནས་ལག་ལེན་ཞིབ་འཇུག་དང་བསམ་བློའི་སློབ་གསོ། ཁྱབ་སྒྲོག་ཁྲིད་སྟོན། དཔེ་སྟོན་སྣེ་ཁྲིད་སོགས་ཀྱི་བྱ་བར་ཤུགས་བསྣན་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཁས་ལེན་ལྔར་ཤུགས་སྣོན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཏང་གི་བོད་འབྲེལ་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ནན་མོ་བྱེད་པ་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་དང་བོད་འབྲེལ་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་བོད་འབྲེལ་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་བོད་འབྲེལ་འཆར་འགོད་ལེགས་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་གཉིས་གཅིག་འདོམས་བྱས་ནས་དམངས་ཚིས་རྒྱུན་མཐུད་ངང་ལེགས་བསྒྱུར་དང་ཁག་ཐེག་བྱེད་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཞི་རིམ་བྱ་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།