མཚོ་སྔོན་ཞིང་ཆེན་གྱིས་དམངས་སྲིད་ལས་དོན་འཕེལ་རྒྱས་གཏོང་བའི“ལྔ་བཅུ་བཞི”ཡི་འཆར་འགོད་ཁྱབ་བསྒྲགས་བྱས་པ།

མི་དམངས་ལྟེ་བར་འཛིན་རྒྱུ་ནི་དམངས་སྲིད་བྱ་བའི་འགྱུར་མེད་རང་མདངས་ཡིན།《མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་ལས་དོན་འཕེལ་རྒྱས་གཏོང་བའི“ལྔ་བཅུ་བཞིའི”འཆར་འགོད》དང“ལྔ་བཅུ་བཞི”དུས་སྐབས་ཀྱི་མཚོ་སྔོན་དམངས་སྲིད་ལས་དོན་འཕེལ་རྒྱས་གཏོང་བའི“ལམ་ཐིག་རི་མོ”ཞིབ་འབྲི་བྱས་པ་དེས། དམངས་སྲིད་སྡེ་ཁག་གིས་རང་འགན་གཙང་ལེན་བྱེད་པར་སྔར་ལས་བཀོད་སྒྲིག་ལེགས་པོ་བྱས་ཡོད། དེའི་ནང་དུ་བྱིས་པའི་ཕན་བདེ་དང་། གཉེན་འབྲེལ། རྒན་གསོ། དབང་བོ་སྐྱོན་ཅན་གྱི་ཕན་བདེ་སོགས་དམངས་འཚོའི་ཐུགས་ཁུར་མང་པོ་འདུས་ཡོད།

“བྱིས་པའི་ཁྱིམ་གཞིས”585ཡི་དཔེ་སྟོན་ས་ཚིགས་ལས་གཞི་བཀོད་སྒྲིག་བྱ་རྒྱུ།

“ལྔ་བཅུ་བཞི”སྐབས་སུ། རང་ཞིང་གིས་ཞིང་ཆེན་ཡོངས་སུ“བྱིས་པའི་ཁྱིམ་གཞིས”ཀྱི་དཔེ་སྟོན་རང་བཞིན་གྱི་ལས་གཞི་འཆར་འགོད་བྱེད་རྩིས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་ནང“བྱིས་པའི་ཁྱིམ་གཞིས”585ཡི་དཔེ་སྟོན་ས་ཚིགས་ལས་གཞི་བཀོད་སྒྲིག་བྱས་ཏེ།སྡེ་བ་རིམ་པར་བརྟེན་ནས་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་། བྱིས་པའི་འཚར་ལོངས་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བཟུང་ནས། “བྱིས་པའི་ཁྱིམ་གཞིས”ཀྱི་དོ་དམ་དང་དྲིལ་སྒྲོག་སློབ་གསོ།ཐུགས་ཁུར། སྲུང་སྐྱོང་བཅས་ཀྱི་བྱེད་ནུས་ཆེན་པོ་བཞི་གསལ་པོར་བྱས་པ་དང་། དུས་མཚུངས་སུ་ཐབས་ལམ་མང་པོར་བརྟེན་ནས་ཐོན་ཁུངས་བརྩོན་ལེན་བྱས་ཏེ།རང་ཞིང་གི་སྡེ་བ་སོ་སོའི་བྱིས་པའི་ཀྲུའུ་རེན་དཔུང་སྡེ་གསོ་སྐྱོང་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་དཀའ་གནས་སུ་གྱར་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་བྱ་བའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རེད། །

2025ལོའི་ལོ་མཇུག་སྔོན་ལ་རྒྱལ་ཡོངས་ཀྱི་གནས་གང་སར་གཉེན་སྒྲིག་ཐོ་འགོད་བྱེད་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད།

“ལྔ་བཅུ་བཞི”དུས་སྐབས་སུ། རང་ཞིང་གིས་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ཇེ་ལེགས་དང་གོང་མཐོར་གཏོང་བ་ཕྱོགས་སྟོན་དུ་བཟུང་ནས། གཉེན་སྒྲིག་ཐོ་འགོད་དོ་དམ་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་རེད། གཉེན་སྒྲིག་ཐོ་འགོད་ཞིང་ཆེན་བརྒལ་ནས་བསྒྲུབ་ཐུབ་པ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་གནས་ཚུལ་དངོས་ལ་གཞིགས་ནས་ཞང་དང་གྲོང་རྡལ་ནས་ཐོ་འགོད་བྱེད་པའི་འགན་ནུས་ཁྱོན་ཡོངས་ནས་མེད་པར་བཟོ་བ། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གི་གཉེན་སྒྲིག་ཐོ་འགོད་འགན་ནུས་ཁ་གསལ་བྱེད་པ་བཅས་གཉེན་སྒྲིག་ཐོ་འགོད་གནད་འཁེལ་ཅན་གྱི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། 2022ལོའི་ལོ་མཇུག་སྔོན་ལ་ཞིང་ཆེན་ཡོངས་ཀྱི་གནས་གང་སར་གཉེན་སྒྲིག་ཐོ་འགོད་བྱེད་ཐུབ་པ་མངོན་འགྱུར་དང་། 2025ལོའི་ལོ་མཇུག་སྔོན་ལ་རྒྱལ་ཡོངས་ཀྱི་གནས་གང་སར་གཉེན་སྒྲིག་ཐོ་འགོད་བྱེད་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད། །

རྫོང19(ཆུས་དང་གྲོང་ཁྱེར)རུ་སྤྱི་ཕན་རང་བཞིན་གྱི་སྤྱིའི་དུར་ས་ལས་རྒྱུ་རེད།

པུར་སྐྱེལ་དུར་འཇུག་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བའི་དམངས་འཚོའི་དོན་ཆེན་ཞིག་རེད། “ལྔ་བཅུ་བཞི”སྐབས་སུ་རང་ཞིང་གིས་པུར་སྐྱེལ་དུར་འཇུག་ཐད་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ནས། མི་དམངས་མང་ཚོགས་ཚེ་ལས་འདས་རྗེས་དུར་འཇུག་བྱེད་སའི་དགོས་མཁོར་འགན་སྲུང་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་སྤྱིའི་དུར་ས་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། རང་ཞིང་གི་མི་གྲངས་ཅུང་མང་བའི་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་སོགས་རྫོང13(ཆུས)དུ་སྤྱི་ཕན་རང་བཞིན་གྱི་སྤྱིའི་དུར་ས་བསྐྲུན་པ་དང་།རིམ་བཞིན་མི་གྲངས་ཅུང་གཅིག་སྡུད་ཡིན་པའི་རྫོང6(གྲོང་ཁྱེར)ཏུ་སྤྱི་ཕན་རང་བཞིན་གྱི་སྤྱིའི་དུར་ས་ལས་རྒྱུ་རེད། །

དབང་བོ་སྐྱོན་ཅན་གྱི་ཕན་བདེ་ཞབས་ཞུའི་ གཙོ་གནད་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱ་རྒྱུ།

མ་འོངས་པའི་ལོ་ལྔའི་ནང་། རང་ཞིང་གིས་ལོ་རེར་རང་ཞིང་རིམ་པའི་ཕན་བདེའི་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ཁྲི200རེ་བེད་སྤྱད་དེ། ལོ་ལྔའི་ནང་ཁྱོན་བསྡོམས་སྒོར་ཁྲི1000བཀོལ་ནས་ཞིང་ཆེན་དུ་ཁྱིམ་ཐོ་ཡོད་པའི་མཁར་གྲོང་གི་དམིགས་བསལ་དཀའ་ཁག་ཡོད་པའི་བསྙེན་བཀུར་བྱ་ཡུལ་དང་། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། ཡོང་སྒོ་དམའ་བའི་ཁྱིམ་ཚང་། དེ་མིན་ད་རུང་འགྲོ་སོང་ཆེ་བའི་དབུལ་ཕོངས་ཁྱིམ་ཚང་གི་ཡན་ལག་དང་དབང་བོ་སྐྱོན་ཅན་སོགས་ལ་གཏན་འཁེལ་གྱི་ལས་ཁུངས་ནས་གཤགས་བཅོས་སྨན་བཅོས་བྱེད་པ་དང་། བདེ་ཐང་སླར་གསོའི་རམ་འདེགས་ཡོ་ཆས་བཀོད་སྒྲིག་བྱེད་རྒྱུ་རེད།

དབང་བོ་སྐྱོན་ཅན་གྱི་ཕན་བདེ་ཞབས་ཞུའི་གཙོ་གནད་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། བསམ་བློའི་འཕྲོད་བསྟེན་ཕན་བདེ་ལས་ཁུངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།ལོ་རེར་རིམ་བཞིན་བསམ་བློའི་འཕྲོད་བསྟེན་ཕན་བདེའི་ལས་ཁུངས5འཛུགས་སྐྲུན་བྱས་ཏེ། 2025ལོར་བསམ་བློའི་འཕྲོད་བསྟེན་ཕན་བདེའི་ལས་ཁུངས་གྲོང་ཁྱེར(ཁུལ)རིམ་པར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་རྒྱུ་རེད། ལོ་རེར་སྡེ་ཁུལ60རེར་བདེ་ཐང་སླར་གསོའི་རམ་འདེགས་ཡོ་ཆས་བོགས་གཏོང་བྱེད་པའི་ཞབས་ཞུའི་ས་ཚིགས་སྤེལ་ནས། དབང་བོ་སྐྱོན་ཅན་དང་རྒན་པའི་རིགས་ལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། །

འཁྱམ་པོ་དང་སློང་མོ་བའི་རོགས་སྐྱོབ་ས་ཚིགས་གྲོང་ཁྱེར(ཁུལ)རིམ་པ་དང་རྫོང་རིམ་པར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་རྒྱུ།

འཁྱམ་པོ་དང་སློང་མོ་བ་ནི“དཀའ་ཁག་ཁྲོད་ཀྱི་དཀའ་ཁག”ཡོད་པའི་དམིགས་བསལ་གྱི་ཁྱུ་ཚོགས་ཤིག་རེད། “ལྔ་བཅུ་བཞི”སྐབས་སུ་རང་ཞིང་གིས་འཁྱམ་པོ་དང་སློང་མོ་བའི་རོགས་སྐྱོབ་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་རེད། འཁྱམ་པོ་དང་སློང་མོ་བའི་རོགས་སྐྱོབ་དོ་དམ་ལས་ཁུངས་མགྱོགས་མྱུར་གྱིས་འཛུགས་པ་དང་། གྲོང་ཁྱེར(ཁུལ)རིམ་པའི་འཁྱམ་པོ་དང་སློང་མོ་བའི་རོགས་སྐྱོབ་དོ་དམ་ས་ཚིགས5དང་རྫོང་རིམ་པའི་ས་ཚིགས9བཙུགས་ནས། འཁྱམ་པོ་དང་སློང་མོ་བའི་རོགས་སྐྱོབ་ས་ཚིགས་དེ་གྲོང་ཁྱེར(ཁུལ)རིམ་པ་དང་རྫོང་རིམ་པར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་རྒྱུ་རེད། །

ཁྱོན་ཡོངས་ནས་སྲ་བརྟན་ཡིན་པའི་གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

《འཆར་འགོད》ཁྲོད“ཁྱོན་ཡོངས་ནས་སྲ་བརྟན་ཡིན་པའི་གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ”དམིགས་སུ་བཀར་ནས་བཏོན་ཡོད་ལ། དེང་ཕྱིན་གྱི་ལོ་ལྔའི་ནང་། རང་ཞིང་གི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་གཞི་རྩའི་རྒན་གསོ་ཞབས་ཞུའི་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། ཞིང་ཆེན་གྱི་གནས་ཚུལ་དང་མཐུན་པའི་གཞི་རྩའི་རྒན་གསོ་ཞབས་ཞུའི་སྲིད་ཇུས་ལམ་ལུགས་མ་ལག་བཙུགས་ཏེ།གཞི་རྩའི་རྒན་གསོའི་ཞབས་ཞུའི་རྩིས་ཁྲ་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་།རྒན་པོའི་ནུས་པ་དང་དགོས་མཁོའི་དཔྱད་དཔོག་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཡུན་རིང་ལྟ་སྐྱོང་འགན་ལེན་ལམ་ལུགས་འཚོལ་ཞིབ་བཅས་བྱེད་རྒྱུ་རེད། རྒན་གསོའི་ཞབས་ཞུ་རིགས་དབྱེའི་འཕེལ་རྒྱས་དང་རིགས་དབྱེའི་དོ་དམ་ནང་རྐྱེན་རིམ་བཞིན་བཙུགས་ནས། གཞི་རྩའི་རྒན་གསོའི་ཞབས་ཞུ་དང་གཞི་རྩ་མ་ཡིན་པའི་རྒན་གསོའི་ཞབས་ཞུ་ཕན་ཚུན་ཁ་གསབ་དང་། མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་རྒྱུ། རྒན་གསོའི་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་ཀྱི་ཁྱབ་ཚུལ་ཇེ་ལེགས་སུ་བཏང་ནས་སྲང་ལམ་དང་སྡེ་ཁུལ་གཙོར་འཛིན་པ་དང་། ཆས་རྟགས་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་རྩ་འཛུགས་ཀྱིས་འདེགས་སྐྱོར་བྱེད་པའི“སྐར་མ་བཅོ་ལྔའི”ཁྱིམ་སྡོད་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་ཁུལ་ཆགས་སུ་འཇུག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ཁག་ཡོད་པའི་རྒན་པོའི་བསྙེན་བཀུར་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཅིག་སྡུད་བསྙེན་བཀུར་གྱི་འདོད་མོས་ཡོད་པའི་དམིགས་བསལ་དཀའ་ཁག་ཅན་གྱི་མི་སྣར་གཅིག་སྡུད་བསྙེན་བཀུར་ལག་བསྟར་བྱས་ཏེ། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་སྡེ་བའི་རྒན་གསོ་ཞབས་ཞུ་མཐིལ་བརྟོལ་འགན་སྲུང་དྲ་བ་འཛུགས་པ་དང་། རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ནུས་ལྡན་སྒོས་ཁེབས་པ་བྱེད་རྒྱུ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།