མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣང་མང་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རང་ཞིང་གིས2020ལོའི་ཟླ12པའི་ཚེས31ཉིན་ནས་བཟུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བ་མགོ་བརྩམས་པའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཚན་རིག་སྒོས་འགོག་ཁབ་རྒྱག་པའི་བྱ་ཐབས་གཏན་འཁེལ་བྱས་ཏེ། གྲོང་ཁྱེར(ཁུལ)གཅིག་ལ་སྲིད་ཇུས་གཅིག་དང་། ཉིན་རེར་བཀོད་གཏོང་དང་།གཟའ་རེར་ཡོངས་བསྒྲགས། ཟླ་རེར་དཔྱད་འཇོག་བྱེད་པའི་སྒྲིག་སྲོལ་ལག་བསྟར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བར་སྐུལ་འདེད་བཏང་བ་དང་། “རྒྱག་དགོས་པར་གང་ནུས་ཀྱིས་རྒྱག་པ”མངོན་འགྱུར་བྱུང་སྟེ། ཁྱོན་ཡོངས་ནས་རང་ཞིང་གི་རིམས་འགོག་ལྕགས་རི་སྲ་བརྟན་དུ་བཏང་།

རྒྱུས་ལོན་ལྟར་ན། རང་ཞིང་གི་ས་གནས་སོ་སོས་འགོག་ཁབ་རྒྱག་ས་ཁ་བསྣོན་དང་། སྐོར་སྐྱོད་འགོག་ཁབ་རྒྱག་པའི་དཔུང་ཁག་འཛུགས་སྐྲུན། དུས་འགྱངས་འགོག་ཁབ་རྒྱག་པ། དུས་ཆེན་དང་གུང་གསེང་གི་སྐབས་སུ་རྒྱག་པ། འགོག་ཁབ་ཐོ་འགོད། མི་ཚུལ་བརྩེ་བར་དོ་སྣང་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། པྲོག་གསར་གློ་ཚད་འགོག་ཁབ་རྒྱག་པའི་ལས་ཁུངས465བཀོད་སྒྲིག་བྱས་ཤིང་། ཉིན་རེའི་འགོག་ཁབ་རྒྱག་པའི་ལས་དོན་མི་སྣ6934བཏང་ནས། འགོག་ཁབ་རྒྱག་པའི་བྱ་བར་སྐུལ་འདེད་བཏང་། ཟླ8པའི་ཚེས31ཉིན་གྱི་དུས་ཚོད24བར་དུ། པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་ཁྲི868འབྱོར་བ་དང་། འགོག་ཁབ་ཁྲི822.4བརྒྱབ་ཅིང་། དེའི་ཁྲོད་ཐེངས་དང་པོའི་འགོག་ཁབ་མི་ཐེངས་ཁྲི446.7ལ་བརྒྱབ་པ་དང་། ཐེངས་གཉིས་པའི་འགོག་ཁབ་མི་ཐེངས་ཁྲི375.7ལ་བརྒྱབ་ཅིང་། མི་ཚོགས་ཡོངས་ཀྱི་འགོག་ཁབ་རྒྱག་ཚད་སོ་སོར་75.4%དང63.4%ཡིན་པ་དང་། འགོག་ཁབ་ཀྱི་མི་ལེགས་པའི་དོན་རྐྱེན་བྱུང་མེད། རང་ཞིང་གིས་ཟླ8པའི་ཚེས23ཉིན་དང་ཟླ8པའི་ཚེས28ཉིན། ཟླ8པའི་ཚེས30ཉིན་བཅས་ལ། སོ་སོར་རྒྱལ་ཁབ་ཀྱི་རང་ཞིང་གི་ལོ15-17དང་ལོ12-14། ལོ18ཡན་གྱི་མི་ཚོགས་ལ་འགོག་ཁབ་ཐེངས་དང་པོ་རྒྱག་པའི་ལས་འགན་ལེགས་འགྲུབ་བྱས་ཤིང་། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ནས་ཐེངས་དང་པོའི་རིམས་ནད་འགོག་ཁབ་རྒྱག་པའི་ལས་འགན་ལེགས་འགྲུབ་བྱས་པའི་ཞིང་ཆེན་ཨང12པ་ཡིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།