རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞིན་ཁྲིན་མཚོ་སྔོན་དུ་ཆེད་དོན་རྟོག་ཞིབ་གནང་བར་ཕེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས5ཉིན་ནས་ཚེས8ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞིན་ཁྲིན་གྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཕེབས་ནས། དུས་རབས་གསར་པའི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་ལས་དོན་ལ་ཆེད་དོན་རྟོག་ཞིབ་གནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་བཞུགས་མོལ་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞིན་གྱིས་རྟོག་ཞིབ་འགྲོ་རོགས་བྱས་པ་མ་ཟད་རང་ཞིང་གི་འབྲེལ་ཡོད་ལས་དོན་གྱི་སྙན་ཞུ་ཕུལ། 

ཚེས8ཉིན་གྱི་སྔ་དྲོར་བཞུགས་མོལ་གྲོས་ཚོགས་འཚོགས་ནས། རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་སྲིད་གྲོས་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས། ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཁུལ་སྲིད་གྲོས་བཅས་ཀྱི་ལས་དོན་སྙན་ཞུ་དང་ཨུ་ཡོན་འཐུས་མིའི་གཏམ་བཤད་ལ་ཉན་པ་དང་། ཚོགས་ཞུགས་མི་སྣས་ཇི་ལྟར་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ཀྱིས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་ལས་དོན་ལ་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས་པ་རེད། ཚང་མའི་གཏམ་བཤད་ལ་ཉན་རྗེས་ལིའུ་ཞིན་ཁྲིན་གྱིས་རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆའི་ལས་དོན་ནི་མི་དམངས་སྲིད་གྲོས་ཀྱི་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་ཡིན་པར་བསྟན། ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་རྒྱུན་ཆད་མེད་པར་བསྟུན་ཐབས་བྱས་ཏེ། རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་ལས་དོན་ཐད་འཚོལ་ཞིབ་རབ་དང་རིམ་པ་བྱས་པས། རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆའི་སྐོར་གྱི་ལས་དོན་སྣ་མང་ཅན་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་ཆགས་ཡོད།

ལིའུ་ཞིན་ཁྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱིས་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་ཁ་ཕྱོགས་གལ་ཆེན་གསལ་སྟོན་བྱས་ཡོད། སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཚད་སྔར་ལས་མཐོ་རུ་བཏང་ནས་ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་བསྐྲུན་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པའི་བླང་བྱ་དེ་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་ཁྱབ་པ་བྱེད་དགོས། སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆའི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པར་སྔར་བས་དོ་སྣང་བྱས་ཏེ། རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་དང་དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བྲིས་པའི“དངོས་མྱོངས་དང་དངོས་མཐོང་། དངོས་ཐོས”བཅས་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆར་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་གཏམ་རྒྱུད་ཟིན་ཐོར་འགོད་པ་དང་། སྲིད་གྲོས་ཀྱི་འབོད་སྐུལ་ཁྱབ་བསྒྲགས་དང་། སྲིད་གྲོས་ཀྱི་ཤུགས་རྐྱེན་ཇེ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།

མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། ལིའུ་ཞིན་ཁྲིན་དང་བཅས་པ་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དང་། ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་། ཐུན་རིན་གྲོང་ཁྱེར། གཅན་ཚ་རྫོང་། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་བཅས་ལ་རྟོག་ཞིབ་གནང་བར་ཕྱིན། རྟོག་ཞིབ་བྱེད་སྐབས་གནས་སྐབས་སུ་བཙུགས་པའི་ཏང་ཀྲི་པུའུ་ཡིས་ད་དུང་དཔའ་ལུང་རྫོང་ཧུང་ཀོང་གྲོང་ཚོའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།