མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས40དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གཅིག་པའི་སྟེང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་རྒྱུས་ལོན་བྱུང་བར། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས40རྩ་འཛུགས་བྱས་ཏེ་ཧྥུའུ་ཅིན་དུ་བསྐྱོད་ནས་ཀྲུང་གོའི་རྒྱལ་སྤྱིའི་དངུལ་གཏོང་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གཅིག་པའི་སྟེང་ཞུགས། 

རྒྱུས་ལོན་ལྟར་ན། ད་ལོར་རང་ཞིང་གི་འགྲེམས་ཞུགས་གཞི་ཁྱོན་སྔར་ལས་ཆེ་བ་དང་ཐོན་ལས་སྔར་ལས་ཆ་ཚང་བ། ལྗང་མདོག་གི་ཞིང་ཕྱུགས་དང་རྒྱུ་ཆ་གསར་པ། ནུས་རྒྱུ་གསར་པ། ཚྭ་མཚོའི་ཐོན་ལས། རིག་གནས་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ལས་རིགས་ཀྱི་ཟོང་རྟགས་ཁེ་ལས40དང་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། “ས་གནས་བཞི”འཛུགས་སྐྲུན་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས། འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས20ལྷག་ཙམ་ཡོད་པ་དེ་དག་ནི་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཅན་གྱི་ཞིང་ཕྱུགས་ཁེ་ལས་ཡིན་པས། གཙོ་བོ་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གནས་ཀྱི་གྲུབ་འབྲས་གསར་པ་བསྐྲུན་ནས། མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་གྲགས་ཅན་གྱི་མཚན་སྙན་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་། ཟླ9པའི་ཚེས8ཉིན་གྱི་སྔ་དྲོར་འཚོགས་པའི“མཚོ་སྔོན་ཞིང་ཆེན་གྱི་དངུལ་གཏོང་ཚོང་དོན་རིག་གནས་ཡུལ་སྐོར་འོས་སྦྱོར་གྲོས་ཚོགས”སྟེང་། ཁམས་གསོ་དང་གཏེར་ཁ་བསྒྱུར་བཅོས། མཛོད་འཇུག་ཟོག་འགྲེམས། ཞིང་ཕྱུགས་འཁྱགས་ཟས་ཐོན་རྫས་མཁོ་སྤྲོད་སོགས་ཀྱི་རྣམ་གྲངས་སྐོར་ཞིག་ལ་གན་རྒྱ་འཇོག་རྒྱུ་རེད།

ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་ལྟར་ན། ཐེངས་འདིའི་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐབས་སུ་ཧྥུའུ་ཅིན་ཕྱོགས་ཀྱིས་མཚོ་སྔོན་ཞིང་ཆེན་ལ་འགྲེམས་སྟོན་ས་གནས་ལེགས་ཤོས་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་གཙོ་གནད་དུ་བཟུང་ནས་དྲིལ་བསྒྲགས་འོས་སྦྱོར་རྒྱ་ཁྱབ་ཏུ་སྤེལ་བ་མ་ཟད། ད་དུང་འཛམ་གླིང་གི་སྟོབས་ལྡན་ཁེ་ལས500དང་རྒྱལ་ཁབ་ལས་བརྒལ་བའི་ཁེ་ལས་ཚུད་པའི་ཁེ་ལས60ལྷག་མཚོ་སྔོན་གྱི་དངུལ་གཏོང་ཚོང་དོན་གྱི་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་ཚོགས་འདུའི་བྱེད་སྒོའི་ནང་ཞུགས་པར་རྩ་འཛུགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།