མཚོ་སྔོན་ཞིང་ཆེན་གྱི་མི་གཅིག་ལ“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ་སྟེ་དགེ་སྒྲུབ་མིག་དཔེ”ཡི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས5ཉིན། དམངས་སྲིད་པུའུ་ཡིས་སྐབས་བཅུ་གཅིག་པའི“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི”གཟེངས་རྟགས་ཚོགས་ཆེན་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་གསེར་ལུང་ཤང་ཀ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་བསོད་ནམས(སོག་རིགས)ལ“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ་སྟེ་དགེ་སྒྲུབ་མིག་དཔེ”ཡི་མཚན་སྙན་ཐོབ།

“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ”ནི་རང་རྒྱལ་དགེ་སྒྲུབ་ཁྱབ་ཁོངས་ཀྱི་ཆེས་མཐོའི་སྲིད་གཞུང་གི་བྱ་དགའ་ཡིན་ཞིང་། དམིགས་ཡུལ་ནི་རང་རྒྱལ་དགེ་སྒྲུབ་ཁྱབ་ཁོངས་ཀྱི་མཛད་རྗེས་འབུར་ཐོན་དང་། མི་སྒེར་དང་ཁེ་ལས། སྡེ་ཁག་དང་ལས་གཞི་ལ་ཤན་ཤུགས་ཆེ་ཞིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དགེ་སྒྲུབ་ལས་དོན་ལ་རྒྱབ་སྐྱོར་དང་དགེ་སྒྲུབ་བྱ་འགུལ་སྤེལ་བར་སྣེ་ཁྲིད་སྐུལ་སྤེལ་བྱེད་པ་དེ་ཡིན། 

ད་ལོ་ལོ64ཡིན་པའི་བསོད་ནམས་ནི་ཧི་ནན་རྫོང་གསེར་ལུང་ཤང་ཀ་ཆེན་སྡེ་བར་ལས་གནས་ནས་བྲལ་ཏེ་ལོ3འགོར་བའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་ཞིང་། རྩྭ་ཐང་དེའི་སྟེང་འཚོ་བ་རོལ་བའི་འབྲོག་པ་རེ་རེ་དང་འདྲ་བར། སྔ་མོ་ནས་སྲོལ་རྒྱུན་གྱི་འཚོ་བ་དཀྱུས་མ་ཞིག་རོལ་ཞིང་། ཆུང་མ་སྔ་མོ་ནས་ཁོ་དང་ཁ་བྲལ་བ་དང་། མི་གཅིག་པུས་བུ་ཕྲུག་བསྐྱངས་ཏེ་དཀའ་སྡུག་གི་འཚོ་བ་སྐྱེལ། འོན་ཀྱང་ཁོས་འཚོ་བ་སྐྱིད་པོ་ནི་སྡུག་རུས་ལས་བྱུང་བར་ཡིད་ཆེས་བརྟན་པོ་བཅངས། ཁོས་རང་ཉིད་ཀྱི་ངལ་རྩོལ་དང་ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་ལ་བརྟེན་ནས། གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་ནས། རིམ་བཞིན་འབྱོར་ཕྱུག་གི་ལམ་དུ་བསྐྱོད། ཁོ་ཕྱུག་པོར་གྱུར་རྗེས་ཀྱི་ལས་དོན་དང་པོ་ནི1995ལོར་སྒོར་ཁྲི1བླངས་ཏེ་གསེར་ལུང་ཤང་སྲིད་གཞུང་ལ་བྱིན་ནས། ཤང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་འབྲོག་ཁྱིམ19ལ་རོགས་སྐྱོར་བྱེད་དུ་བཅུག སྒོས་སུ་ཉེ་བའི་ལོ་འདི་འགར། ཁོས་ཆབ་སྲིད་ཀྱི་ཁུར་བོ་དང་སྤྱི་ཚོགས་ཀྱི་འགན་འཁྲི་དྲག་པོས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་བཀོད་སྒྲིག་དང་དམ་དུ་འབྲེལ་ནས། དགེ་སྒྲུབ་དབུལ་སྐྱོར་གྱི་རྣམ་པ་གསར་གཏོད་དང་། དབུལ་སྐྱོར་དང་བསམ་བློའི་དབུལ་སྐྱོར་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཤིང་། ཁོས་ཧུར་ཐག་གིས་དགེ་སྒྲུབ་སློབ་གསོའི་དབུལ་སྐྱོར་དང་དགེ་སྒྲུབ་བདེ་ཐང་དབུལ་སྐྱོར། དགེ་སྒྲུབ་ཐོན་ལས་དབུལ་སྐྱོར། དགེ་སྒྲུབ་དང་བླངས་དབུལ་སྐྱོར་སོགས་བྱ་བའི་ཁྲོད་ཞུགས་ཤིང་། སྔ་གཞུག་ཏུ་དཀའ་ཁག་ཡོད་པའི་མང་ཚོགས་དང་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་དཀའ་ཁག་ཁྱིམ་ཚང་ལ་ནོར་ལུག550བྱིན་པ་དང་། བརྩེ་སེམས་སྒོར་མོ་ཁྲི15བྱིན་ལ། རོགས་སྐྱོར་གྱི་བྱ་སྤྱོད་འདི་དག་གིས། དཀའ་ཁག་ཡོད་པའི་ཁྱིམ་ཚང་འཚོ་བའི་དཀའ་སྡུག་ལས་ཐར་བ་དང་། དཀའ་ཁག་ཡོད་པའི་མང་ཚོགས1000ལྷག་ལ་ཁེ་ཕན་ཐོབ་ཅིང་། དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་བྱས་རྗེས་བཞག་པ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།