མཚོ་སྔོན་སྐུ་མགྲོན་ཞིང་ཆེན་གཙོ་བོ་ཡིན་པའི་ཆ་ནས་སྐབས21པའི་དངུལ་གཏོང་གྲོས་མོལ་ཚོགས་འདུར་ཞུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས6ཉིན། སྐབས21པའི་ཀྲུང་གོའི་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་བརྗེ་རེས་གྲོས་མོལ་ཚོགས་འདུའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཞ་མོན་དུ་བསྡུས། མཚོ་སྔོན་སྐུ་མགྲོན་ཞིང་ཆེན་གཙོ་བོ་ཡིན་པའི་ཆ་ནས་སྐབས་འདིའི་དངུལ་གཏོང་གྲོས་མོལ་ཚོགས་འདུར་ཞུགས་ཏེ། རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་མཐར་ཕྱིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གཏན་འཁེལ་དང“གནས་བཞི”འཛུགས་སྐྲུན་སོགས་ཀྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་ལེན་དོན་འཁྱོལ་བྱེད་པ། དངུལ་གཏོང་ཚོགས་འདུའི་ཤན་ཤུགས་དང་དངུལ་གཏོང་ཉོ་ཚོང་སྟེགས་བུ་གཡར་ནས། “ནང་ལ་འདྲེན་པ”དང་“ཕྱིར་བསྐྱོད་པའི”ཕྱོགས་གཉིས་ཀྱི་བརྗེ་རེས་སྤེལ་ཏེ། རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཚོང་མགྲོན་རྣམས་ལ་མཚོ་སྔོན་གྱི་ཡིད་ཆེས་དང་སྒོ་འབྱེད། གསར་གཏོད་ཀྱི་སྣང་བརྙན་གསར་བ་མངོན་རྒྱུ་རེད།

སྐབས21པའི་དངུལ་གཏོང་ཉོ་ཚོང་བརྗེ་རེས་ཚོགས་འདུ་ཟླ9བའི་ཚེས8ཉིན་ནས་ཚེས11ཉིན་བར་ཞ་མོན་གྲོང་ཁྱེར་དུ་བསྡུ་རྒྱུ་ཡིན་ཞིང་། སྐབས་འདིའི་ཚོགས་ཆེན་གྱིས“འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འོག་གི་རྒྱལ་སྤྱིའི་དངུལ་གཏོང་གི་གོ་སྐབས་གསར་བ”བརྗོད་དོན་དུ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། པ་ཞི་སོགས་རྒྱལ་ཁབ་ལྔའི་བཟོ་ལས་གསར་བརྗེའི་གྲོགས་པོའི་འབྲེལ་བ་སོགས་ཀྱི་གླེང་གཞིས་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར། བཟོ་ལས་མཉམ་འབྲེལ། སྐྱེ་དངོས་ཚན་རྩལ་སོགས་ཁྱབ་ཁོངས་ནས། འགྲེམ་སྟོན་དང་གླེང་སྟེགས། མཐུད་སྦྲེལ་གླེང་མོལ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།

གསར་འགོད་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་ལྟར་ན། སྐབས་འདིའི་དངུལ་གཏོང་ཉོ་ཚོང་བརྗེ་རེས་ཚོགས་འདུར། སྐུ་མགྲོན་ཞིང་ཆེན“མཚོ་སྔོན་འགྲེམ་ཁང”གི་རྒྱ་ཁྱོན་སྨི་གྲུ་བཞི་མ506ཡོད་པ་དང་། འགྲེམ་ཁུལ་གྱིས“རབ་མཛེས་མཚོ་སྔོན་དང་ལྗང་མདོག་འཕེལ་རྒྱས”བརྗོད་དོན་དུ་བྱས་ཤིང་། སྐྱེ་ཁམས་འཕེལ་རྒྱས་ཀྱི་གསར་གཏོད་འདུ་ཤེས་གསར་སྐྲུན་བྱེད་པ་དང་། དེང་རབས་ཚན་རྩལ་བྱེད་ཐབས་དང་མཐོང་ཚོར་ཕན་འབྲས་ཀྱིས“གནས་བཞི”འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་མངོན་པ་དང་། མཚོ་སྔོན་གྱི་དགེ་མཚན་ཐོན་ཁུངས་འོས་སྦྱོར་དང་། ཁྱད་ལྡན་ཐོན་རྫས། སྐྱེ་ཁམས་གནས་སྐོར་ལམ་ཐིག་དྲིལ་སྒྲོག་བྱས་ཏེ། སྐུ་མགྲོན་ཚོས་མཚོ་སྔོན་གྱི་འཕེལ་རྒྱས་ལམ་བུར་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད། ཚོགས་ཆེན་སྐབས་སུ། རང་ཞིང་གིས་དངུལ་གཏོང་འོས་སྦྱོར་སོགས་ཀྱི་ཉོ་ཚོང་བྱ་འགུལ་མང་པོ་བཀོད་སྒྲིག་བྱས་ནས། སྐུ་མགྲོན་ཞིང་ཆེན་མཚོ་སྔོན་འགྲེམ་ཁང་སྒོ་འབྱེད་མཛད་སྒོ་དེ་ཟླ9བའི་ཚེས8ཉིན་གྱི་སྔ་དྲོར་དངོས་སུ་སྤེལ་རྒྱུ་ཡིན་ལ། སྐབས་དེར། ཞིང་ཆེན་གཉིས་ཀྱི་མགོ་ཁྲིད་དང་ཕྱོགས་སོ་སོའི་འཐུས་ཚབ་ཀྱིས་མཉམ་དུ་འགྲེམ་ཁང་སྒོ་འབྱེད་དང་སྐོར་ཞིབ་བྱ་རྒྱུ་ཡིན་ལ། ཚེས8ཉིན་གྱི་ཕྱི་དྲོར“མཚོ་སྔོན་ཞིང་ཆེན་དངུལ་གཏོང་ཉོ་ཚོང་དང་རིག་གནས་གནས་སྐོར་འོས་སྦྱོར་ཚོགས་འདུ”བསྡུས་ཏེ། རང་ཞིང་གི་དངུལ་གཏོང་ཁོར་ཡུག་དང་དངུལ་གཏོང་དགེ་མཚན། དངུལ་གཏོང་ཁྱབ་ཁོངས་དང་དངུལ་གཏོང་སྲིད་ཇུས་བཅས་འོས་སྦྱོར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།