ཟི་ལིང་གྲོང་ཁྱེར་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.3བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བཀོལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ། ནད་རིགས་འགོག་བཅོས་ཚོད་འཛིན་དང་སྤྱི་བའི་ཞིབ་བཤེར་ཚད་ལེན་ཚོད་ལྟ་ཁང་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་། ད་ལྟའི་བར་དུ། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར4.3རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བཏང་བ་དང་། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་པ་བརྒྱུད། སྟོབས་ཤུགས་ཡོད་རྒུས་རིམས་འགོག་མ་ལག་སྲ་བརྟན་དུ་གཏོང་རྒྱུ་རེད། 

པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མ་དངུལ་འགན་སྲུང་བྱ་ཆེད། ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུའུ་ཡིས་ད་ལོར་རིམས་ནད་སྔོན་འགོག་ཚོད་འཛིན་མ་དངུལ་སྒོར་དུང་ཕྱུར0.9བཀོད་སྒྲིག་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་དངོས་རྫས་སྒྲིག་ཆས་ཉོ་སྒྲུབ་དང་། ཉིང་སྐྱུར་ཚད་ལེན་རྒྱུ་ཆ་ཟད་གྲོན། གནམ་གྲུ་འབབ་ཐང་དང་མེ་འཁོར་ས་ཚིགས་སོགས་ཀྱི་མི་སྣའི་འགྲོ་གྲོན། འཁྱགས་སྦྲེལ་ཟས་རིགས་ལྟ་སྐུལ་དོ་དམ་སྤྱིའི་མཛོད་ཁང་གི་རྒྱུན་ལྡན་གྱི་འཁོར་རྒྱུགས་སོགས་ཀྱི་འགྲོ་གྲོན་ཐད་བཀོལ་བ་མ་ཟད། འཕྲལ་བསྟུན་དངོས་རྫས་ཉོ་སྒྲུབ་གསོག་ཉར་ཡུན་ཕན་འགན་སྲུང་སྒྲིག་སྲོལ་སྒྲིག་འཛུགས་བྱས། དུས་མཚུངས་སུ། ཧུར་ཐག་གིས་སྨན་བཅོས་འགན་སྲུང་ཐེབས་རྩ་བསྡུ་སྒྲིག་དང་། འགོག་ཁབ་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར0.5བཏང་ཞིང་། ལོ་ཧྲིལ་བོའི་པྲོག་གསར་གློ་ཚད་ནད་དུག་འགོག་ཁབ་འགྲོ་གྲོན་བསྡུ་སྒྲིག་བྱ་བ་སྔོན་ལ་ལེགས་འགྲུབ་བྱས། བླང་བྱ་ལྟར་ལས་བཟོ་བའི་སྨན་བཅོས་འགན་སྲུང་ཐེབས་རྩ་དང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་བསྡུར་ཚད7:3ལྟར་པྲོག་གསར་གློ་ཚད་ནད་དུག་འགོག་ཁབ་དང་འགོག་ཁབ་རྒྱག་པའི་འགྲོ་གྲོན་གཏན་འཁེལ་བྱས་པ་མ་ཟད། ཆེད་སྤྱོད་རྩིས་ཐོ་འཛུགས་པ་དང་། རིམས་ནད་འགོག་ཁབ་འགྲོ་གྲོན་ཞིབ་རྩིས་བྱས་པ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།