དགའ་བདེ་རྫོང་སྲིད་གྲོས་ཀྱི་མགོ་ཁྲིད་ཞང་རིམ་པར་སོང་ནས་གནོད་རྗེས་བསྐྱར་སྐྲུན་དང་རིམས་ནད་སྔོན་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྲིད་གྲོས་ཀྱི་མགོ་ཁྲིད་ཁྱི་འབྲི་ཞང་དང་རྐྱང་ཆད་ཞང་། གཙང་ཞོལ་མ་ཞང་དུ་སོང་ནས5.22ས་ཡོམ་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་དང་རིམས་ནད་སྔོན་འགོག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ཤང་གྲོང་རྡལ་གྱི་མགོ་ཁྲིད་དང་གནོད་ཐེབས་བསྐྱར་སྐྲུན་ལས་གཞིའི་འགན་འཁུར་པ་དང་མཉམ་ཏུ་གནོད་ཐེབས་བསྐྱར་སྐྲུན་དང་རིམས་ནད་སྔོན་འགོག་བྱ་བར་ཞིབ་བཤེར་བྱས།

སྔ་རྗེས་སུ་ཁྱི་འབྲི་གནས་སྤོར་སྡེ་གསར་དང་ལུང་དཀར་སྡེ་བ། རྐྱང་ཆད་ཞང་ཆ་ཆུ་ནག་དང་ཡག་ཆེན་སྡེ་བ། གཙང་ཞོལ་མའི་རྐྱང་ཆད་སྡེ་བ་སོགས་སུ་བསྐྱོད་དེ་སྡེ་བ་ལྔ་ཡི་གནོད་འཚེ་བྱུང་བའི་འབྲོག་ཁྱིམ་ཁང་པ་བསྐྱར་བསྐྲུན་བྱ་ཡུལ་དང་། གནོད་ཐེབས་བསྐྱར་སྐྲུན་ལས་གཞི་བཀོད་འདོམས་པུའུ་དང་ཞང་གྲོང་གསུམ་གྱི་འཕྲོད་བསྟེན་ཁང་ལ་གནོད་ཐེབས་བསྐྱར་སྐྲུན་དང་རིམས་ནད་སྔོན་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། གཅིག་ནས་ཞང་དང་གྲོང་རྡལ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་སྲིད་གྲོས་མི་སྣ་གནོད་ཐེབས་བསྐྱར་སྐྲུན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ། མདུན་ཕྱོགས་ཀྱི་བཀོད་འདོམས་ལ་བརྟེན་ནས་གནོད་རྗེས་བསྐྱར་སྐྲུན་བྱ་བའི་ལས་འགན་ལྕི་པོ་རང་འགུལ་ངང་རྒྱབ་ཏུ་འཁུར་ཏེ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་དང་། འཐབ་འཛིང་འགོག་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གྲོས་མི་སྣའི་དཔེ་བཟང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གནོད་ཐེབས་བསྐྱར་སྐྲུན་གྱི་འཐབ་ཕྱོགས་དང་པོར་ཏང་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་བྱེད་དགོས། གཉིས་ནས་ཚན་རིག་དང་མཐུན་པའི་ངང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ཏེ་གནོད་ཐེབས་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཁྲོད་དོན་དངོས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། མང་ཚོགས་ཀྱི་བསམ་འཆར་ལ་བརྩི་འཇོག་བྱེད་དགོས། གསུམ་ནས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།  ལྷག་པར་དུ་ལས་གཞི་འཛུགས་སྐྲུན་བྱེད་པའི་སྐབས་ལས་གཞི་གཞན་སྤྲོད་བྱ་རྒྱུར་བཀག་འགོག་བྱ་རྒྱུ། འགན་གཙང་དང་ལེན་བྱས་ནས་དོ་དམ་བྱེད་པ། འགན་ལེན་བྱས་ནས་དོ་དམ་མི་བྱེད་པ་སོགས་ཀྱི་གནས་ཚུལ་ལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།   བཞི་ནས་ཞང་དང་གྲོང་རྡལ་ཆ་ཤས་ཀྱི་ལས་གཞི་འཛུགས་སྐྲུན་ལ་ལས་བཟོ་པ་མི་འདང་བའི་གནས་ཚུལ་ཐད་ཡུལ་ཚོར་རྒྱུན་སྡོད་ལས་བྱེད་པས་ཕན་ཚུན་བར་འབྲེལ་གཏུག་བྱས་ཏེ་ས་གནས་ཀྱི་ཆ་རྐྱེན་ཡོད་པའི་ཞང་གི་གཞོན་ནུ་སྐུལ་སློང་བྱས་ཏེ་གནོད་ཐེབས་བསྐྱར་སྐྲུན་བྱ་བའི་ནང་ཞུགས་པར་བྱེད་དགོས་བཅས་ཀྱི་རེ་བ་བཏོན་པར་མ་ཟད། ད་དུང་རིམས་ནད་སྔོན་འགོག་བྱ་བའི་ཁྲོད་རིམས་ནད་སྔོན་འགོག་དང་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིམས་འགོག་སྨན་ཁབ་རྒྱག་རྒྱུའི་ཐད་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། རིམས་འགོག་སྨན་ཁབ་མི་འཚམ་པའི་མི་སྣ་ཕུད་ལྷག་མའི་མི་ཚང་མའི་གཅིག་ཀྱང་མ་ལས་བར་རིམས་འགོག་སྨན་ཁབ་རྒྱག་པའི་ཕན་འབྲས་མུ་མཐུད་དུ་ཐོན་པ་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།