མཚོ་སྔོན་ཞིང་ཆེན་གྱི“སྐོར་བསྐྱོད་རིམས་འགོག་སྨན་ཁབ་རྒྱག་པའི་རླངས་འཁོར”ཐོག་མ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་དངོས་སུ་སྤྱོད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས5ཉིན། “རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་རིག་ནུས་སྒུལ་བདེའི་ལས་སྟེགས”ཞེས་འཁོད་པའི“སྐོར་བསྐྱོད་རིམས་འགོག་སྨན་ཁབ་རྒྱག་པའི་རླངས་འཁོར”མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཚོང་ཟོག་ཆུང་བའི་ཁྲོམ་རའི་འགོག་ཁབ་ས་ཚིགས་སུ་བསྐྱོད་ནས་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་ལ་རིམས་འགོག་སྨན་ཁབ་བརྒྱབ་སྟེ། སྒོ་ཁར་སྨན་བཅོས་བྱེད་པར་བསྐྱོད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི“སྐོར་བསྐྱོད་རིམས་འགོག་སྨན་ཁབ་རྒྱག་མཁན་རླངས་འཁོར”ཐོག་མ་དེ་ཡིན་པ་དང་། ཟླ9པའི་ཚེས1ཉིན་ནས་ཚེས4ཉིན་བར་དངོས་སུ་སྤྱོད་མགོ་བརྩམས་པ་དང་སྨན་ཁབ་ཐེངས350བརྒྱབ་པ་རེད།

“སྐོར་བསྐྱོད་རིམས་འགོག་སྨན་ཁབ་རྒྱག་པའི་རླངས་འཁོར”དེ་སྤྱི་སྤྱོད་རླངས་འཁོར་ཆེན་པོར་བཅོས་སྒྲིག་ཚད་ལྡན་བྱས་པ་བརྒྱུད་ལེགས་གྲུབ་བྱུང་བ་དང་། རླངས་འཁོར་འདིས་ཉིན་རེར་སྨན་ཁབ་རྒྱག་ཚད་མང་ཤོས་ནི་མི1000ཡས་མས་ཟིན་གྱི་ཡོད། རླངས་འཁོར་ནང་དུ་རིམས་འགོག་སྨན་ཁབ་རྒྱག་པའི་ཆ་འཕྲིན་མ་ལག་དང་། རིམས་འགོག་སྨན་བཅོས་བཀོལ་སྤྱོད་འཁྱགས་སྒམ། མཁའ་རླུང་དུག་སེལ་ཡོ་བྱད་སོགས་སྒྲིག་ཆས་ཆ་ཚང་ཡོད་པ་མ་ཟད། སྔོན་བཤེར་ཐོ་འགོད་ཁང1དང་། བློ་འདྲིའི་ལས་སྟེགས1། གཏན་འཇགས་སྨན་ཁབ་རྒྱག་གནས3བཅས་བཙུགས་ཏེ་ཆེད་ལས་ཀྱི་སྨན་ཁབ་རྒྱག་མཁན་དང་། སྨན་བཅོས་འགན་ལེན་མི་སྣ། ཚད་ལྡན་སྒྲིག་ཆས། ཚད་ལྡན་ལག་རྩལ་གོ་རིམ་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། སྨན་ཁབ་རྒྱག་པའི་ཆ་འཕྲིན་དེ་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་བྱས་ཆོག་ལ། ལས་སྒྲུབ་བྱེད་ས་རེར་ལས་དོན་མི་སྣ་དང་དང་བླངས་པ་རེ་ཡོད་པས་ངེས་གཏན་འགོག་ཁབ་རྒྱག་སའི་ཆ་རྐྱེན་དང་གཅིག་མཚུངས་ཡིན། གྲོང་མིས་ཐོབ་ཐང་ལག་ཁྱེར་མཁོ་འདོན་བྱས་ནས་རླངས་འཁོར་ནང་འཛུལ་ཏེ་རིམས་འགོག་སྨན་ཁབ་གསར་པ་བརྒྱབ་ཆོག “སྐོར་བསྐྱོད་རིམས་འགོག་སྨན་ཁབ་རྒྱག་པའི་རླངས་འཁོར”ལ་འཛུལ་འབུད་བགྲོད་ལམ་དབྱེ་བའི་རྣམ་པས་སྨན་ཁབ་རྒྱག་དགོས་པ་མ་ཟད། རླངས་འཁོར་འགྲམ་དུ་གྲལ་བསྒྲིགས་ནས་སྒུག་སྡོད་ཁུལ་དང་། ལྟ་ཞིབ་ཁུལ། འཕྲལ་བསྟུན་ཐག་གཅོད་ཁུལ་བཅས་བཙུགས་ཡོད་པ་དང་། མང་ཚོགས་རླངས་འཁོར་ནང་འཛུལ་ནས་སྒྲིག་ལམ་ལྟར་འགོག་ཁབ་བརྒྱབ་རྗེས་རླངས་འཁོར་ལས་བབས་ཏེ་ལྟ་ཞིབ་ཁུལ་དུ་ཆུ་ཚོད་ཕྱེད་ཀ་ཙམ་ལ་བསྡད་ནས་རྒྱུན་ལྡན་དང་མི་འདྲ་བའི་སྣང་ཚུལ་གང་ཡང་མེད་ཚེ་ཁ་བྲལ་ཆོག་པས། མང་ཚོགས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་བསྔགས་བརྗོད་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།