མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དཔྱད་འཇོག་བྱ་བའི་ཚད་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་རབས་གསར་བ་དང་གནས་བབ་གསར་བའི་ས་གནས་ཁྲིམས་འཛུགས་བྱ་བའི་རེ་བ་གསར་བ་དང་མཐུན་པར་བྱེད་པ་དང་། ཁྲིམས་འཛུགས་བྱ་བའི་རྐྱེན་སྲོལ་གསར་གཏོད་བྱེད་པ། ཁྲིམས་འཛུགས་བྱ་བའི་ཆུ་ཚད་དང་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱེད་ཆེད། ཉེ་ལམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དཔྱད་འཇོག་བྱ་བའི་ཚད་གཞི་བཏོན།

བྱ་བའི་ཚད་གཞིར་བསྡོམས་པས་དོན་ཚན་ཉེར་གཅིག་ཡོད་པ་དང་། ཁྲིམས་འཛུགས་དཔྱད་འཇོག་གི་མཚན་ཉིད་དང་དཔྱད་འཇོག་རྩ་དོན། དཔྱད་འཇོག་ལག་བསྟར་གཙོ་གཞི། དཔལ་འཇོག་བྱེད་ཡུལ། དཔྱད་འཇོག་ཚད་གཞི། དཔྱད་འཇོག་གྲུབ་འབྲས་བཀོལ་སྤྱོད་སོགས་ཕྱོགས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དཔྱད་འཇོག་བྱ་བ་སྤེལ་བའི་ཐད་ནས་ཁྱོན་ཡོངས་གཏན་ཁེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཚུན་དུ། ཞིང་ཆེན་དམངས་འཐུས་ཚོས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བྱེད་ཐབས་ལག་བསྟར་བྱེད་པ་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔའི་ཁྲིམས་འཛུགས་དཔྱད་འཇོག་བྱ་བ་སྤེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དཔྱད་འཇོག་བྱ་བ་ཚད་ལྡན་དུ་བསྒྱུར་བ་དང་། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་ལམ་ལུགས་ཀྱི་རྣམ་པ་སྤྱད་དེ་སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱེད་ཆེད། 2021ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཁྲིམས་འཛུགས་དཔྱད་འཇོག་བྱ་བའི་ཚད་གཞི་གཏན་འབེབས་བྱེད་རྒྱུ་ཐག་བཅད་པ་མ་ཟད། བྱ་བ་དེ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅོས་བསྒྱུར་ལས་འགན་གལ་ཆེན་ཁྲོད་བཞག

ཡང་དང་བསྐྱར་དུ་ཞིབ་འཇུག་རྩོད་སྒྲུབ་བྱས་པ་དང་བཟོ་བཅོས་འཐུས་ཚང་བྱས་པ་བརྒྱུད་དེ། བྱ་བའི་ཚད་གཞི་དེ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་དོན་དྲུག་པའི་ཐོག་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བ་མ་ཟད། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།