མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ9བའི་ཚེས12ཉིན་ནས་ཚེས17ཉིན་བར་མཚོ་ཤར་དུ་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས2ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ནས་རྒྱུས་ལོན་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་ཆོག་མཆན་ཐོབ་རྗེས། རྒྱུ་རྐྱེན་གྱི་དབང་གིས་འགོར་འགྱངས་བྱས་པའི་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ། རིམས་ནད་འགོག་བཅོས་ཚོད་འཛིན་ནན་མོའི་སྔོན་འགྲོ་འོག  ཟླ9བའི་ཚེས12ཉིན་ནས་ཚེས17ཉིན་བར་སླར་གསོ་བྱས་ཏེ་བསྡུ་རྒྱུ་རེད།

ཤེས་གསལ་བྱུང་བ་ལྟར་ན། “ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། མི་རིགས་ཀྱི་དགྱེས་སྟོན་བསུས་ནས། ཙོང་ཁའི་མཚར་ཉམས་འགྲེམ་སྟོན་བྱེད་པ”བརྗོད་དོན་ཡིན་པའི་སྐབས་བདུན་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་བསྡོམས་པས་མི་རིགས་དྲག་རྩལ་དང་ཐག་འཐེན། བྱེ་ཁུག་འཇོག་པ། མི་རིགས་མདའ་འཕེན། མི་རིགས་འཇུ་རེས། རྟ་རྩེད། བོད་འགྱིག ལག་རྩེད་སྤོ་ལོ། རྐང་རྩེད་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཕིང་ཕིང་སྤོ་ལོ་སོགས་རྣམ་གྲངས12ཡོད་ཅིང་། འགྲན་ཞུགས་པ་ཁྱོན་མི1840དང་ཤན་འབྱེད་པ256། རྩལ་ཁྲིད་དགེ་རྒན་དཔུང་ཁག་མི372བཅས་ཞུགས་ཡོད་ལ། དེ་ནི་རང་ཞིང་གི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེས་ཆེ་བ། ཤན་ཤུགས་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་དགྱེས་སྟོན་ཞིག་ཡིན། 

མགོ་རྩོམ་མཛད་སྒོའི་ལྟད་མོའི་རང་བཞིན་མཐོ་རུ་གཏོང་ཆེད། མགོ་རྩོམ་མཛད་སྒོ་ཆེས་ཐོག་མར་མཚན་མོར་བསྡུ་རྒྱུ་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་སྐབས་སུ་སྒྲ་དང་འོད། གློག་སོགས་དེང་རབས་ཚན་རྩལ་གྱི་རྒྱུ་ཆ་སྤྱད་ནས། 《སེམས་ཁོང་གི་དག་ཞིང》དང《ཕུགས་འདུན་ལ་བརྩོན་པའི་ཙོང་ཁ》《འཆམ་མཐུན་དང་དར་རྒྱས་ལ་འབད་པ》《མུ་མཐུད་དུ་སྟོབས་འབྱོར་ལ་བརྩོན་པ》བཅས་ལེའུ་བཞི་རུ་དགར་ཏེ། ལོ་རྒྱུས་རིག་གནས་དང་ཚན་རྩལ་གསར་གཏོད་གཉིས་མཉམ་འདྲེས་དང་། ལོ་རྒྱུས་ཀྱི་ཉིང་བཅུད་དང་དུས་རབས་ཀྱི་དགོངས་དོན་གཉིས་མཉམ་འདྲེས་བྱས་པའི་སྒྱུ་རྩལ་གྱི་དགྱེས་སྟོན་ཞིག་གསར་སྐྲུན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།