ཉའོ་ཁྲུན་ཡུན2021ལོའི“དམངས་ཆེན་འཐུས་མི་ཞིང་སྡེར་བསྐྱོད་པའི”བྱ་འགུལ་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བྱེད་པ་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི”བརྗོད་དོན་དང་དུ་འབྲེལ་ནས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉའོ་ཁྲུན་ཡུན་གྱིས་སྣེ་ཁྲིད་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས2021ལོའི“དམངས་ཆེན་འཐུས་མི་ཞིང་སྡེར་བསྐྱོད་པའི”བྱ་འགུལ་ལ་ཞུགས་པ་མ་ཟད་དམངས་ཆེན་འཐུས་མིའི་བསམ་འཆར་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་ལས་སྒྲུབ་བྱས།

བྱ་འགུལ་སྐབས་སུ། ཉའོ་ཁྲུན་ཡུན་གྱིས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དང་རྫོང་གི་བྱ་བའི་གནས་ཚུལ་ཡར་ཞུར་ཉན་པ་དང་། ཞིང་སྡེ་འབྲོག་ཁུལ་དུ་སོང་ནས་གྲོང་གསེབ་དར་སྤེལ་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་དམངས་ཆེན་འཐུས་མིའི་བསམ་འཆར་ལ་ལྟ་སྐུལ་ལས་སྒྲུབ་བྱས་པ་མ་ཟད། དམངས་ཆེན་འཐུས་མི་དང་གཞི་རིམ་ལས་བྱེད་མང་ཚོགས་དང་མཉམ་དུ་བཞུགས་མོལ་བྱས།

ཉའོ་ཁྲུན་ཡུན་གྱིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་བཏོན་པའི་བསམ་འཆར་ནི་བཅའ་ཁྲིམས་ཀྱིས་གནང་བའི་འགན་དབང་གལ་ཆེན་ཞིག་ཡིན་ལ། དམངས་ཆེན་འཐུས་མིའི་བསམ་འཆར་ལས་སྒྲུབ་ནི་སྲིད་གཞུང་སྡེ་ཁག་གི་འགན་ཁུར་གཙོ་བོ་ཞིག་ཡིན་པས། ལས་སྒྲུབ་ངོས་ཟིན་གནད་དུ་ཐིངས་པ་དང་ལས་སྒྲུབ་བྱེད་ཐབས་གསར་གཏོད། ལས་སྒྲུབ་འབྲས་བུར་ཕན་འབྲས་ལྡན་པ། ལྟ་སྐུལ་ལས་སྒྲུབ་སྤུས་ཚད་ཁག་ཐེག་ཡོད་པ་བཅས་བྱས་ཏེ། བྱ་བའི་ཕན་འབྲས་དང་ལས་སྒྲུབ་སྤུས་ཚད་ལ་སྐུལ་འདེད་བཏང་ནས། ལས་སྒྲུབ་བྱ་བར་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།