ཞིན་ཁྲང་ཞིང་གིས་མགོ་ལོག་ཁུལ་དུ་རྟོག་ཞིབ་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན་ནས་ཚེས2བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཆུ་གཙང་རི་ལྗང་ལ་སྲུང་སྐྱོང་ལེགས་པོ་བྱེད་པ། ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བཟང་པོ་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པ། དམངས་འཚོའི་ཕན་བདེ་འཕེལ་བར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས། 

ཞིན་ཁྲང་ཞིང་སྔ་རྗེས་སུ་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་སྐྱེ་ཁམས་ས་གཤིས་སྲུང་སྐྱོང་ས་ཚིགས་དང་། དར་ལག་རྫོང་སྨར་འབྲིང་ཤང་ཚ་རྒན་སྡེ་བ་དང་རྒྱུ་སྨད་གྲོང་རྡལ་གེ་སར་གླིང་ཀའི་རི་བོ་བཅས་སུ་ཕེབས་ཏེ། ཀྲུང་དབྱང་ཁོར་ཡུག་ལྟ་སྐུལ་གྱིས་ཕྱིར་སློག་གནད་དོན་བཅོས་སྒྲིག་དང་། རྩྭ་ཐང་སྐྱེ་ཁམས་ཀྱི་སླར་གསོ་བཅོས་སྐྱོང་། རྨ་ཆུའི་ཆུ་དཔོན་ལམ་ལུགས་དངོས་འབེབས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་། མགོ་ལོག་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཀྱིལ་སྙིང་དུ་གནས་ཡོད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་སྔར་བས་ཆེ། ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི་གཏིང་ཟབ་མོས་ལག་བསྟར་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅོས་སྐྱོང་གཉིས་ཟུང་འབྲེལ་དམ་ཚགས་བྱེད་པ། རི་ཆུང་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱག་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་སྤྱི་འདོམས་སྒོས་སྐུལ་འདེད་གཏོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱིས་ཕྱིར་སློག་གནད་དོན་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། ས་ནག་ཐང་བཅོས་སྐྱོང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། ཆུ་དཔོན་གྱི་འགན་འཁྲི་སྔར་བས་ནན་འཛིན་བྱེད་པ། སེམས་ཞིབ་མོ་དང་བརྩེ་བ་ཟབ་མོས་ཆུ་གཙང་རི་ལྗང་ལེགས་པོར་སྲུང་དགོས་ཞེས་བསྟན། 

པདྨ་རྫོང་དམར་དམག་ལུང་པའི་གསར་བརྗེའི་སློབ་གསོ་རྟེན་གཞི་རུ། ཞིན་ཁྲང་ཞིང་གིས་ཡུལ་དངོས་སུ་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་མཛད་ཅིང་། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་གསན། ཁོང་གིས་དམར་དམག་ལུང་པས་དམར་དམག་རྒྱང་སྐྱོད་ལམ་དུ་མཚོ་སྔོན་བརྒྱུད་མྱོང་བའི་ལོ་རྒྱུས་བདེན་དཔང་བྱེད་ཐུབ་པས། ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ། དེའི་ཕྱིར། རྣམ་པ་དངོས་སྲུང་འཛིན་ལ་མཐོང་ཆེན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་པ། དམར་པོའི་སྲོལ་རྒྱུན་དར་སྤེལ་ཡག་པོ་གཏོང་བ། དམར་པོའི་གཞི་རྒྱུ་རྒྱུད་འཛིན་བཟང་པོ་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་ལེགས་པོར་བགྲོད་དགོས་ཞེས་གསུངས། 

རྟོག་ཞིབ་མཛད་སྐབས། ཞིན་ཁྲང་ཞིང་ད་དུང་དར་ལག་རྫོང་སྨར་འབྲིང་ཤང་ཚ་རྒན་སྡེ་བར་ཕེབས་ཏེ། ས་འགུལ་རྗེས་ཀྱི་སྡོད་ཁང་ཞིག་གསོ་བརྟན་བཟོའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། མགོ་ལོག་ཁུལ་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུར་གསན། ཁོང་གིས་རོང་འབྲོག་པའི་སྡོད་ཁང་ཞིག་གསོ་བརྟན་བཟོ་བྱེད་པ་ནི་གནོད་ཐེབས་མང་ཚོགས་ཀྱིས་དགུན་ཟླ་རིང་མོ་དྲོད་ཁོལ་ངང་སྐྱེལ་ཐུབ་མིན་ལ་རག་ལས་ཡོད་པས། ད་ལོར་ངེས་པར་དུ་འགྲུབ་དགོས་པའི་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་གྲས་ཤིག་ཡིན། “གཙོ་གནད་དང་རྩ་བ། དམངས་འཚོ་བཅས་སྲུང་བའི”བླང་བྱ་ལྟར། དངོས་ཐོག་བདེན་འཚོལ་དང་ཡུལ་བསྟུན་ཇུས་བསྟར་རྒྱུན་འཁྱོངས་བྱེད་པ་དང་། རོང་འབྲོག་པའི་རེ་འདུན་ལ་བརྩི་མཐོང་བྱེད་པ། འཛུགས་སྐྲུན་གྱི་སྤུས་ཀ་ཁག་ཐེག་བྱེད་པ་སྔོན་འགྲོ་བྱེད་པ། ཨར་ལས་དུས་བཟང་ལེགས་པོར་འཛིན་པ། ཕྱོགས་མང་པོ་ནས་མ་དངུལ་བསྡུ་རུབ་བྱས་ཏེ། བསྐྱར་སྐྲུན་ལས་འགན་མྱུར་ཏུ་འགྲུབ་པར་བྱེད་དགོས། སྟོབས་ཤུགས་ལྡན་ཞིང་གོ་རིམ་ཡོད་ལ་ཕན་ནུས་ཆེ་བའི་སྒོ་ནས་རོང་འབྲོག་ཁུལ་གྱི་སྤྱོད་ཁང་གསར་བརྗེ་ལ་སྐུལ་འདེད་བཏང་སྟེ། དམངས་འཚོ་བཟོ་སྐྲུན་གྱིས་ངེས་པ་དོན་གྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གྱིས་གསུངས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།