ཀྲུང་གོའི་རྡུལ་ཕྲན་གྲོང་གི་དགུ་གསུམ་སློབ་ཚོགས་རྒྱལ་ཡོངས་སྲོལ་རྒྱུན་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས2ཉིན། དགུ་གསུམ་སློབ་ཚོགས་ཀྱི་རྒྱལ་ཡོངས་སྲོལ་རྒྱུན་སློབ་གསོའི་རྟེན་གཞི་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་གྱི“ཀྲུང་གོའི་རྡུལ་ཕྲན་གྲོང”དུ་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏེ་ཀྲི་ཡིས་ཤིས་ཚིག་ཕུལ།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཀྲུང་གོའི་རྡུལ་ཕྲན་གྲོང་དུ“དགུ་གསུམ་སློབ་ཚོགས་སྲོལ་རྒྱུན་སློབ་གསོའི་རྟེན་གཞིའི”སྒོ་བྱང་བཀལ་བ་དེས་མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན། དགུ་གསུམ་སློབ་ཚོགས་ཀྱི་ལོ་རྒྱུས་དང་ཏང་མང་མཉམ་ལས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་སྐུལ་འདེད་བྱས་ཏེ། མཚོ་སྔོན་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། རང་རྒྱལ་གྱི་ཏང་མང་མཉམ་ལས་ཀྱི་གྲུབ་འབྲས་མངོན་པ། ཞིང་ཆེན་ཡོངས་ཀྱི་དམངས་གཙོའི་ཏང་ཤོག་ཁག་གི་ལས་སྒྲུབ་ལས་གཏོད་ལ་ནུས་པ་གལ་ཆེན་འདོན་པར་སྐུལ་ལྕག་བཅས་བྱ་རྒྱུ་རེད། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུས་དེ་གོ་སྐབས་སུ་བཟུང་ནས། རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཚོགས་མི་ཚོས་ཏང་མང་མཉམ་ལས་ཀྱི་ཐོག་མའི་ཕུགས་འདུན་བློ་ལ་བརྟན་པོར་འཆང་བ་དང་། ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བསམ་བློའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ཐུན་མོང་སྒོས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།