ཡོན་ཧྲི་ཝུའུ་ཐེན་ཡུས་ཀྱིས་སློབ་མགོ་རྩོམ་པར་སྤྲིངས་བའི་སྨོན་ཚིག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས“བདུན་གཅིག་གཟེངས་རྟགས”ཐོབ་མཁན་ཡོན་ཧྲི་ཝུའུ་ཐེན་ཡུས་ཡིས་ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་སྤྲིངས་པའི་སྨོན་ཚིག་བརྙན་རིས་བརྒྱུད་ནས་ཡོངས་བསྒྲགས་བྱས། སློབ་མགོ་རྩོམ་པའི་ཉིན་དང་པོར་ཡོན་ཧྲི་ཝུའུ་ཐེན་ཡུས་ཀྱིས་གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་ཡར་རྒྱས་ཡོང་བར་སྨོན་འདུན་ཞུས་པ་དང་། གཞོན་ནུ་ལོ་ཆུང་གིས་གཡུར་ཟའི་གྲུབ་འབྲས་བླངས་རྗེས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་བྱ་གཞག་ནང་ཞུགས་དགོས་པའི་རེ་བ་བཏོན།

ཝུའུ་ཐེན་ཡུས་ནི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ས་མཐོའི་གསོ་རིག་བྱ་གཞག་གི་སྲོད་འབྱེད་པ། གསོ་རླུང་ཉུང་བའི་ལུས་ཁམས་རིག་པ་དང་ས་མཐོའི་གསོ་རིག་གི་ཆེད་མཁས་པ་བཅས་རེད། ད་ལོའི་ཟླ6པའི་ཚེས29ཉིན། ཁོང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་གྱི་བྱ་དགའ་ལེན་སའི་སྟེགས་བུར་འཛེགས་ནས། ཏང་ནང་ཁུལ་གྱི་མཚན་སྙན་མཐོ་ཤོས་ཡིན་པའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ།

ཁོང་གིས་གཞོན་ནུ་རྣམས་ནི་ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་དང་། ང་ཚོ་དར་རྒྱས་གོང་འཕེལ་གཏོང་བའི་ཀ་བ་ལྟ་བུ་ཡིན་ཞིང་། གཞོན་ནུ་རྣམས་ལ་རང་ཉིད་ཀྱི་ཕུགས་བསམ་ཡོད་པས། རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་འབད་བརྩོན་བྱེད་དགོས་པར་གསུངས།

“དེ་རིང་འཕྲད་པའི་དཀའ་སྡུག་ནི་སང་ཉིན་གྱི་རྒྱལ་ཁའི་འབྲས་བཟང་ཡིན། ངས་མཚོ་བོད་ས་མཐོ་རུ་བྱ་བ་བསྒྲུབས་ནས་ལོ་ངོ60སོང་བ་འདི་ནི་མཚོ་བོད་ས་མཐོའི་མི་དམངས་ཀྱི་བདེ་ཐང་གི་ཆེད་འབད་བརྩོན་བྱས་པ་ཡིན”པར་གསུངས། ཡོན་ཧྲི་ཝུའུ་ཐེན་ཡུས་ཀྱིས་མིག་ཟུང་ལ་བརྩེ་བས་ཁེངས་ཤིང་སྐད་གདངས་འཇམ་ལ་གསོན་ཉམས་དོད་པའི་སྒོ་ནས་བཤད་རྒྱུར། མཚོ་སྔོན་གྱི་ས་ཆ་ནི་ང་ཚོའི་འཚར་ལོངས་ལ་ནུ་ཞོ་སྦྱིན་མཁན་གྱི་ཨ་མ་ལྟ་བུ་ཡིན་པས། མ་འོངས་པར་ང་ཚོས་དྲིན་ལན་འཇལ་བའི་རེ་བ་ཡོད། “ང་ཚོའི་མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་ཐོན་ཁུངས་འཛོམས་པས་མཚོ་བོད་ས་མཐོ་དང་འཛམ་གླིང་ཡང་རྩེའི་ཆ་ཤས་གལ་ཆེན་ཞིག་ཡིན་ཞིང་། འདི་རུ་ད་རུང་ཚན་རིག་གི་གནད་དོན་ཧ་ཅང་མང་པོ་ཞིག་ཐག་གཅོད་པར་ལུས་ཡོད་ལ། མང་ཆེ་བ་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད། ཁྱེད་ཚོས་སློབ་སྦྱོང་ལ་གཡུར་ཟའི་གྲུབ་འབྲས་བླངས་རྗེས། མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་བྱ་གཞག་ནང་ཞུགས་པའི་རེ་བ་ཡོད”ཅེས་གསུངས།

“སློབ་སྐབས་གསར་བར་ཁྱེད་ཚོའི་སྐུ་གཟུགས་བདེ་ཐང་དང་སློབ་སྦྱོང་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཟེར། བརྙན་རིས་ཀྱི་མཇུག་ཏུ་ཡོན་ཧྲི་ཝུའུ་ཐེན་ཡུས་ཀྱིས་ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་། གཞོན་ནུ་ལོ་ཆུང་ཚོར་གཟུགས་པོ་བདེ་ཐང་དང་། གྲུབ་འབྲས་ཕུལ་བྱུང་། ཀུན་སྤྱོད་ཧ་ཅང་ལེགས་པ་བཅས་ཀྱི་སྨོན་འདུན་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།