རྨ་སྟོད་རྫོང་གིས་དུས་ལྟར་སློབ་མ་རྣམས་ལ་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སློབ་ཆུང་གི་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སློབ་མ400ལྷག་ཙམ་ལ། ས་ཡོམ་རྗེས་ཀྱི་བར་བརྒལ་བཀོད་སྒྲིག་སློབ་ཁུལ་ཏེ་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ(སློབ་ཁུལ་རྙིང་པ)རུ་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། དུས་མཚུངས་སུ་དེས་རྨ་སྟོད་རྫོང་གི“5·22”ས་ཡོམ་བྱུང་རྗེས་ཀྱི་བར་བརྒལ་བཀོད་སྒྲིག་བྱས་པའི་སློབ་མ1772ལ་དུས་ལྟར་སློབ་མགོ་བརྩམས་པ་མཚོན་ཡོད།

རྨ་སྟོད་དུ“5·22”ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་བྱེད་མགོ་བརྩམས་པ་ནས་བཟུང་། ས་གནས་དེ་གའི་སློབ་གྲྭའི་ཉལ་ཁང་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པས། སློབ་མ་རྣམ་ལ་དུས་ལྟར་སློབ་མགོ་རྩོམ་པའི་གནད་དོན་ཇི་ལྟར་ཐག་གཅོད་བྱ་རྒྱུ་དེ་གནོད་ཕྱིའི་བསྐྱར་འཛུགས་ལས་དོན་གྱི་ནང་དོན་གལ་ཆེན་དུ་གྱུར་ཡོད། བཟོ་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  སློབ་གྲྭའི་ཉལ་ཁང་སླར་གསོ་དང་བརྟན་འཇགས་སུ་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དེ་བཞིན་སློབ་མ་གནས་སྤོར་བྱེད་པར་བཀོད་སྒྲིག་བཟང་པོ་བྱས་ཏེ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི(བུ་བཅོལ་ཁང)སློབ་མར་རྒྱུན་ལྡན་ལྟར་སྟོན་དུས་ཀྱི་སློབ་མགོ་རྩོམ་པ་དེ་ཉིན་རེའི་གྲོས་རིམ་བཏོན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྫོང་ཡོངས་ཀྱི་སློབ་མ1772དུས་མཚམས་ལྔར་དབྱེ་ནས་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་། མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་རྙིང་པ། མགོ་ལོག་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་དེ་བཞིན་མཛོ་རྒན་རྭ་བ་གྲོང་རྡལ་བཅའ་སྡོད་སློབ་གྲྭ རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་བཅས་སུ་བཀོད་སྒྲིག་བྱས་པ་དང་། ཟླ9པའི་ཚེས1ཉིན་ཚང་མ་རྒྱུན་ལྡན་ལྟར་སློབ་མགོ་བརྩམས་པ་རེད།

བར་བརྒལ་བཀོད་སྒྲིག་སློབ་ཁུལ་གྲས་ཀྱི་གཅིག་ཡིན་པའི་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ(སློབ་ཁུལ་རྙིང་པ)རུ། གསར་འགོད་པས་གྲལ་འགྲིག་པའི་སློབ་ཁང11ཀྱི་ནང་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སློབ་མའི་སློབ་དེབ་བསྒྲིགས་ཡོད་པ་དང་། དགེ་རྒན་གྱི་གཞུང་ལས་ཁང་དུ་ལོ་རིམ་སོ་སོའི་སློབ་དཔྱོད་ཚན་ཆུང་གི་སློབ་ཁྲིད་འཆར་གཞི་ཡང་བཟོས་ཡོད་པ་མཐོང་། དགེ་རྒན་ལུའུ་ཁེང་ཆུང་གིས་གསར་འགོད་པར་བཤད་རྒྱུར། འཛིན་གྲྭ་རེར་སློབ་མ40བཀོད་སྒྲིག་བྱས་ཡོད་པ་དང་སློབ་མ450ལ་རྒྱུན་ལྡན་ལྟར་སློབ་ཁྲིད་བྱེད་ཐུབ། གཞན་ཡང་སློབ་གྲྭས་སློབ་མར་མཁོ་འདོན་བྱས་པའི་ཉལ་ཁང35ལ་ཆུ་གློག་གི་སྒྲིག་ཆས་ཆ་ཚང་བར་གྲ་སྒྲིག་བྱས་ཡོད་པ་དང་། ད་དུང་ཉལ་ཆས་དང་བལ་ཕྱར་གསར་བ་རེ་ཡང་བཀོད་སྒྲིག་བྱས་ཡོད་པ་མ་ཟད། འགན་འཁུར་བ12ཀྱིས་ཆེད་དུ་སློབ་མའི་བཟའ་བཏུང་དང་འགྲོ་འདུག་སྤྱོད་གསུམ་ལ་འགན་འཁུར་ཡོད་ལ། ཁོངས་གཏོགས་བདེ་སྲུང་མི་སྣ་དང་སློབ་གྲྭའི་སྨན་པས་ཀྱང་སློབ་མ་ཚོའི་བདེ་འཇགས་དང་བདེ་ཐང་ལ་འགན་ལེན་བྱས་ཡོད་པས། བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་སྒྲིག་ཆས་ཆ་ཚང་ཞིང་སློབ་མ་ཚོར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།