ཞིང་ཆེན་གཞུང་ལམ308ཏ་ཅའོ་མན་ནས་མགར་རྩེའི་བར་གྱི་གཞུང་ལམ་བཟོ་བཅོས་འཛུགས་སྐྲུན་བཟོ་སྐྲུན་གྱི་ཨར་འདམ་གཞུང་ལམ་ལམ་ཐིག་ཡོངས་སུ་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། ཞིང་ཆེན་གཞུང་ལམ308ཏ་ཅའོ་མན་ནས་མགར་རྩེའི་བར་གྱི་གཞུང་ལམ་བཟོ་བཅོས་འཛུགས་སྐྲུན་བཟོ་སྐྲུན་གྱི་ཨར་འདམ་གཞུང་ལམ་ལམ་ཐིག་ཡོངས་སུ་ལེགས་འགྲུབ་བྱས་པ་དང་། ཨར་འདམ་གཞུང་ལམ་ཡོངས་སུ་ཤར་གཏོང་བྱས།

ཞིང་ཆེན་གཞུང་ལམ308ལམ་ཐིག་ཏ་ཅའོ་མན(མཚོ་སྔོན་དང་ཀན་སུའུ་ས་མཚམས)ནས་མགར་རྩེའི་བར་གྱི་གཞུང་ལམ་བཟོ་བཅོས་བཟོ་སྐྲུན་ལས་གཞི་དེ་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་མངའ་ཁོངས་སུ་ཡོད་ཅིང་། སྤྱིའི་རིང་ཚད་སྤྱི་ལེ56.57ཡོད་ལ། རིམ་པ་གཉིས་པའི་གཞུང་ལམ་ཚད་གཞི་ལྟར་འཛུགས་སྐྲུན་འཆར་འགོད་བྱས་ཡོད། ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ཀན་སུའུ་ཞིང་ཆེན་བླ་བྲང་རྫོང་དང་འབྲེལ་ཡོད་ཅིང་། མཚོ་སྔོན་དང་ཀན་སུའུ་ས་མཚམས་ཀྱི་ཞིང་ཆེན་འགྲོ་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བ་དང་། ས་ཁོངས་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་དང་རྨ་ལྷོ་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་། དེ་མིན་ས་གནས་གཉིས་ཀྱི་འགྲིམ་འགྲུལ་འབྲེལ་འདྲིས་ལ་ཤུགས་བསྣན་ནས། དཔལ་འབྱོར་སྤྱི་ཚོགས་དང་གནས་སྐོར་ལས་རིགས་འཕེལ་རྒྱས་ཐད་བྱེད་ནུས་གལ་ཆེན་ཐོན་ཐུབ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། ད་ལོའི་ལས་སྐྲུན་སླར་གསོ་བྱུང་བའི་རིང་ལ། ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སིས་འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་ཁུངས་རྩ་འཛུགས་བྱས་ཏེ། ཚན་རིག་དང་མཐུན་པའི་མི་སྣ་དང་། སྒྲིག་ཆས།རྒྱུ་ཆ་སོགས་ཐོན་ཁུངས་སྡེབ་སྒྲིག་བྱས་ནས། སྤུས་ཚད་བདེ་འཇགས་ལག་རྩལ་ལག་བསྟར་ཚད་ལྡན་དུ་བཏང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།